དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང་གིས“རྒན་གྲས་གསུམ”གྱི་མི་སྣ་དང་སྔོན་གཤེགས་དཔའ་བོའི་ནང་མིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-07

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི“རྒན་གྲས་གསུམ”གྱི་མི་སྣ་དང་སྔོན་གཤེགས་དཔའ་བོའི་ནང་མི་ཁག་གཅིག་ལ་དཔྱིད་གསར་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

    “ལོ་གསར་བཀྲ་ཤིས་བདེ་ལེགས” ལིའུ་ཅང་སྔ་རྗེས་སུ་སྔོན་གཤེགས་དཔའ་བོའི་ནང་མི་བསོད་ནམས་དཔའ་མོ་དང་། ཏང་ཡོན་རྒན་གྲས་རྟ་མགྲིན་རྡོ་རྗེ། ངལ་རྩོལ་དཔེ་བཟང་བ་རྒན་གྲས་བཀྲ་ཤིས་ལྷ་མོ། ལས་བྱེད་པ་རྒན་གྲས་བརྩོན་འགྲུས་བཅས་ཀྱི་ཁྱིམ་དུ་ཕེབས་ནས་མཇལ་དར་བསྒྲོན་ནས་སྨོན་འདུན་ཞུས་པ་དང་། ཁོང་ཚོའི་བདེ་ཐང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ། བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ལ་ཁོང་ཚོས་ལེགས་སྐྱེས་གལ་ཆེན་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་མ་ཟད། ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མཚོན་པར་གནང་བ་རེད།

    ཏང་ཡོན་རྒན་གྲས་རྟ་མགྲིན་རྡོ་རྗེའི་ཁྱིམ་དུ་ཕེབས་མ་ཐག ལིའུ་ཅང་གིས་རྟ་མགྲིན་རྡོ་རྗེའི་ནང་མི་ཚོར་དཔྱིད་གསར་གྱི་སྨོན་འདུན་ཞུས་གནང་བ་རེད། བགྲེས་སོང་གི་བུ་དཀོན་མཆོག་སྐྱབས་སྡེ་ཁུལ་གྱི་ལས་དོན་པ་ཞིག་ཏུ་གྱུར་པ་མཁྱེན་རྗེས། ལིའུ་ཅང་གིས་ཁོང་ལ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་རྒན་རབས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་སྡེ་ཁུལ་བཅོས་སྐྱོང་དང་མང་ཚོགས་ལ་ཞབས་འདེཌ་ཧུར་ཐག་ཞུས་ཏེ། དུས་བདེ་དང་ཞི་མཐུན་གྱི་སྡེ་ཁུལ་གཏོད་ཆེད་སྟོབས་ཤུཌ་ལེཌ་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    རྩེད་ཐང་གི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བའི་ཁྲོད་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་བསྟན་འཛིན་ནོར་བུའི་བུ་མོ་བསོད་ནམས་དཔའ་མོའི་ཁྱིམ་དུ་ཕེབས་སྐབས་ལིའུ་ཅང་གིས་བསོད་ནམས་དཔའ་མོའི་ལག་པ་ནས་འཇུས་ཏེ་ཁོང་དང་མཉམ་དུ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་སྐབས་ཀྱི་དཀའ་སྡུག་ཆེ་བའི་འཐབ་རྩོད་ཀྱི་ལོ་རྒྱུས་ཕྱིར་དྲན་གནང་བ་རེད། ལོ་84ལ་སླེབས་པའི་བསོད་ནམས་དཔའ་མོས་རྟག་ཏུ་བུ་ཚར་དམངས་གཙོའི་བཅོས་སྒྱུར་གྱི་ལོ་རྒྱུས་ཤོད་པ་མཁྱེན་སྐབས། ལིའུ་ཅང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བོད་གསར་པ་ནི་རྒན་རབས་ཚོས་ཁྲག་བཏོན་པ་དང་སྲོག་དོར་བ་ལས་བྱུང་བ་ཞིག་ཡིན་པས། ང་ཚོས་བོད་རྙིང་པའི་དཀའ་སྡུག་མ་བརྗེད་པ་དང་བོད་གསར་པའི་བདེ་སྐྱིད་ལ་དེ་བས་གཅེས་སྤྲས་བྱས་ནས་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ། བློ་གཅིག་སེམས་གཅིག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།

    ལོ་79ལ་སླེབས་པའི་དཔེ་བཟང་བ་རྒན་གྲས་བཀྲ་ཤིས་ལྷ་མོའི་ཁྱིམ་དུ་ཁོང་གིས་ལིའུ་ཅང་ལ་ད་ཆ་ཁྱིམ་དུ་མི་རབས་བཞི་མཉམ་དུ་སྡོད་པ་དང་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་ཡོད་པས་ཏང་གི་མཁས་མཛངས་རླབས་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན་ཞེས་ཞུས་པ་རེད། ལིའུ་ཅང་གིས་དཔེ་བཟང་བ་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། ཏང་ཡོན་རྒན་གྲས་བཅས་ནི་ཏང་ལ་དགའ་ཞེན་དང་། ཏང་སྲུང་སྐྱོང་། ཏང་དར་རྒྱས་གཏོང་མཁན་གྱི་དཔེ་མཚོན་ཞིག་དང་ང་ཚོའི་རྩ་ཆེའི་རྒྱུ་ནོར་ཞིག་རེད་ཅེས་གསུངས་པ་རེད།

    ལིའུ་ཅང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“རྒན་གྲས་གསུམ”གྱི་མི་སྣ་དང་སྔོན་གཤེགས་དཔའ་བོའི་ནང་མིར་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཏང་ཀྲུང་དབྱང་གི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ཁོང་ཚོའི་བདེ་ཐང་དང་འཚོ་བའི་གནས་ཚུལ་རྟག་ཏུ་ཤེས་རྟོགས་དང་འཚོ་བ་འགན་ལེན་ཡག་པོ་བྱས་ཏེ་ཁོང་ཚོས་དུས་རབས་གསར་པའི་བདེ་སྐྱིད་ལྡན་པའི་འཚོ་བ་དང་གཟི་བརྗིད་ལོངས་སུ་སྤྱོད་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།