དབང་ཧའེ་ཀྲོའུ་ཡིས་རང་སྐྱོང་ལྗོངས་ཀྱི་སྒྱུ་རྩལ་མཁས་ཅན་རྒན་གྲས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།
དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ལྷ་སར་བསྟན་འཛིན་དང་། བཀྲ་ཤིས་ནོར་བུ། སྐལ་བཟང་ཆོས་རྒྱལ། སྐལ་བཟང་ཚེ་རིང་། ངག་དབང་བློ་བཟང་སོགས་སྒྱུ་རྩལ་མཁས་ཅན་རྒན་གྲས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད།
འཚམས་འདྲི་གནང་རིང་དབང་ཧའེ་ཀྲོའུ་ཡིས་སྒྱུ་རྩལ་མཁས་ཅན་རྒན་གྲས་ཚོར་དཀར་གཙང་མཇལ་དར་བསྒྲོན་ཏེ་ཁོང་ཚོའི་གཟུགས་གཞི་དང་། འཚོ་བ། སྒྱུ་རྩལ་གསར་རྩོམ་བཅས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། སྒྱུ་རྩལ་མཁས་ཅན་རྒན་གྲས་ཚོས་རང་ལྗོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་མ་ཟད། ཁོང་ཚོས་དུས་ཡུན་རིང་པོའི་ནང་བོད་ཀྱི་རིག་གནས་དང་རིག་རྩལ་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་ཤིང་། ཁོང་གིས། འདས་པའི་ལོ་གཅིག་རིང་ལྗོངས་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་གསར་གཏོད་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་བསམ་བློའི་ནང་དོན་གཏིང་ཟབ་པ་དང་། སྒྱུ་རྩལ་གྱི་ནང་དོན་ཕུན་སུམ་ཚོགས་པ། གསར་རྩོམ་ཕུལ་དུ་བྱུང་བ་བཅས་ཀྱི་རིག་རྩལ་བརྩམས་ཆོས་ཁག་གཅིག་བཏོན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐངས་ཡོད་ཅེས་གསུངས་པ་རེད།
དབང་ཧའེ་ཀྲོའུ་ཡིས། ཚང་མས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། “མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་མཛད་ཕྱོགས་མཐའ་འཁྱོངས། རིག་རྩལ་གྱི་སྟོབས་ཤུགས་རྒྱུན་འཛིན། རིག་གནས་ཀྱི་ཤེས་ལྡན་པ་གསོ་སྐྱོང་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར། བོད་ཀྱི་ཁྱད་ཆོས་མངོན་པ་དང་། འཚོ་བ་དངོས་དང་ཉེ་བཅར། དུས་རབས་ཀྱི་སྙིང་སྟོབས་མཚོན་པ་བཅས་ཀྱི་རིག་གནས་དང་རིག་རྩལ་གྱི་རྩེར་སོན་བརྩམ་བྱ་དེ་བས་མང་བ་གསར་རྩོམ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཕྱོགས་ཚང་མ་དང་། སྣ་མང་ཅན། གཏིང་ཟབ་པ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་པའི་སྐུལ་ལྕག་གནང་བ་རེད། གཞན་ཡང་། ཁོང་གིས་སྒྱུ་རྩལ་མཁས་ཅན་རྒན་གྲས་ཚོས་སྔར་རྒྱུན་བཞིན་བོད་ཀྱི་རིག་གནས་དང་རིག་རྩལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། གསར་རྩོམ་གྱི་སྤྲོ་སེམས་རྒྱུན་འཁྱོངས་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་རིག་གནས་སྟོབས་ཆེའི་ལྗོངས་མགྱོགས་མྱུར་སྐྲུན་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།