དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་རང་འགན་ནན་སྒྲུབ་དང་ལས་ཀ་ཧུར་ཐག་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ལས་བྱེད་པ་ཞིག་བྱེད་དགོས།

     ཟླ་2ཚེས་4ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་བཞུགས་མོལ་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། རང་འགན་ནན་སྒྲུབ་དང་ལས་ཀ་ཧུར་ཐག་བྱེད་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་ལས་བྱེད་པ་ཞིག་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཝུའེ་ཏུང་དང་ཟླ་བ་ཚེ་རིང་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་མཐའ་འཁྱོངས། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ལས་བྱེད་པ་ཤེས་རྟོགས་གསོ་སྐྱོང་དང་འདེམས་སྒྲུག་བཀོལ་སྤྱོད་བཅས་ཧུར་ཐག་བྱས་ནས་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་དངོས་འབྲེལ་གདམ་གསེས་དང་བཀོལ་སྤྱོད་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འགན་འཁྲིའི་འདུ་ཤེས་དང་ལས་འགན་གྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ། རང་འགན་གཙང་སྒྲུབ་དང་། ལེགས་ཆ་འདོན་སྤེལ་གང་ལེགས། གསར་གཏོད་ཡར་བརྩོན་བྱེད་ཕོད་པ་བཅས་བྱས་ནས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁྲོད་མིག་དཔེ་འདོན་པ་དང་གདོང་ལེན་པ་ཞིག་བྱེད་དགོས།

    ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་ཐད་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་བྱེད་དགོས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང“སྲུང་སྐྱོང་གཉིས”ཐུབ་པར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་སུ་བརྩི་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ཐོག་མངོན་པ། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་ཐོག་མངོན་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།

    རང་འགན་ནན་སྒྲུབ་དང་རང་འགན་ཐེག་པ་ཁུར་ལེན་མཐའ་འཁྱོངས་ཀྱིས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་རང་འཁྲིའི་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས་ཤིང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་ནན་ཏན་བྱེད་པ་དང་། དངོས་སྒྲུབ་ལ་མཐོང་ཆེན་དང་ཕན་འབྲས་དངོས་གཉེར་བྱ་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་མངོན་འགྱུར་གྱི་ཐབས་ལམ་གལ་ཆེན་དུ་བརྩི་བ། མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པ་དང་ཕན་པ་དངོས་ཐོབ་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།

    སློབ་སྦྱོང་ཧུར་ཐག་དང་འདུ་ཤེས་གསར་བརྗེས་བྱས་ཏེ་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཤིང་། ཐོག་མཐའ་བར་གསུམ་དུ“སྤྱི་ཡོངས་གཉིས”ལ་བསམ་བློ་གཏོང་བ་དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་བཅངས་ནས། རང་རྟོགས་ངང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་ཐག་གཅོད་པ། བྱ་བ་སྒྲུབ་པ་བཅས་བྱས་ཏེ་འབད་བརྩོན་ཆེན་པོས་ཕྱོགས་གཅིག་ནས་གཟི་བརྗིད་བརྩོན་ལེན་བྱེད་དགོས་ལ་སྤྱི་ཡོངས་ནས་ངོ་མཚར་ཡང་གཏོད་དགོས། བསམ་བློའི་འདུ་ཤེས་རྒྱུན་ཆད་མེད་པར་གསར་བརྗེས་བྱས་ཏེ། རང་རྟོགས་ངང་སྲོལ་རྒྱུན་གྱི་འཕེལ་རྒྱས་གཏོང་སྟངས་དང་། འགྱུར་མེད་ཀྱི་སྲིད་ཇུས་ལ་བརྟེན་ཐབས། རྙིང་ཞེན་བརྟན་སྲུང་བྱེད་ཐབས་བཅས་ཀྱི་ཁྲོད་ནས་བཅིངས་འགྲོལ་ཐོབ་པར་བྱེད་པ་དང་། བྱེད་སྟངས་བཟང་པོ་དང་ཉམས་མྱོང་བཟང་པོ་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་ཁག་ལེགས་པར་བསྒྲུབས་དགོས།

    རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་འགོ་ཁྲིད་ལས་བྱེད་པ་ཞིག་ཧུར་ཐག་བྱེད་དགོས། སྤྱོད་གཙང་རང་འདོམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་སྣེ་ཁྲིད་ནས་དོན་འཁྱོལ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་སྣེ་ཁྲིད་ནས་དོན་འཁྱོལ་བྱེད་པ། རྩ་དོན་དང་སྲིད་ཇུས་ལྟར་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་ནན་དུ་གཏོང་བ་དང་ཉེ་འགྲམ་གྱི་མི་ལ་དོ་དམ་ཡག་པོ་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།