དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་མཚུར་ཕུ་དགོན་དང་གནས་གནང་དགོན་པར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-06

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་མཚུར་ཕུ་དགོན་དང་གནས་གནང་དགོན་དུ་ཕེབས་ནས“འདུ་ཤེས་གསུམ”གྱི་སློབ་གསོ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད། རིག་དངོས་སྲུང་སྐྱོང་དང་ཉམས་གསོ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་འབྲེལ། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་མི་སྣ། ཆོས་ལུགས་ལས་རིགས་ཀྱི་འཐུས་མི་བཅས་ལ་གཟིགས་ནས་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།

    མཚུར་ཕུ་དགོན་དང་གནས་གནང་དགོན་པ་ནི་ཡན་ཅིན་ཧའེ་ཡི་འབྲེལ་གཏུག་བྱ་ཡུལ་ཡིན་ཞིང་། མཚུར་ཕུ་དགོན་དུ་ཡན་ཅིན་ཧའེ་ཡིས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད། རིག་དངོས་སྲུང་སྐྱོང་། མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཁོང་གིས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་བ་ནས་བཟུང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། གསར་གཏོད་ཀྱི་གཞི་རྟེན་མཐའ་འཁྱོངས་དང་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གྲྭ་བཙུན་དང་མང་ཚོགས་ཚོས་གོ་ཐུབ་པའི་སྐད་ཆ་དང་། དེ་བཞིན་མཐོང་འདོད་ཉན་སྤྲོ་བ་དང་། དང་ལེན་བྱེད་སླ་བ། ཞུགས་བདེ་བ་བཅས་ཀྱི་རྣམ་པར་བརྟེན་ནས“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་སྲིང་ལག་བསྟར་གཏིང་ཟབ་སྤེལ་དགོས་ཞེས་གསུངས་པ་རེད། ཁོང་གིས་རྒྱ་ཆེའི་དགོན་སྡོད་ལས་བྱེད་པས་མུ་མཐུད་བརྩེ་སེམས་དང་འགན་འཁྲི་འཆང་བཞིན་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད། རྒྱ་ཆེའི་གྲྭ་བཙུན་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་དེ་བས་ཡག་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཉམས་གསོ་བྱེད་བཞིན་པའི་གནས་གནང་དགོན་དུ་ཕེབས་ནས་དགོན་སྡེ་ཉམས་གསོའི་འཕེལ་རིམ་དང་། དཔེ་རྙིང་གྲངས་འཛིན་ཅན་གྱི་ལེགས་སྒྲིག་དང་དེ་བཞིན་དཔེ་རྙིང་ཁང་དང་། དཔེ་མཛོད་ཁང་། རིག་དངོས་འགྲེམས་སྟོན་ཁང་བཅས་འཛུགས་སྐྲུན་བྱེད་ཚུལ་ལ་ཞིབ་ཕྲ་གཟིགས་པ་དང་ཉམས་གསོའི་ལས་དོན་དང་རིག་དངོས་སྲུང་སྐྱོང་སོགས་ཐད་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རིག་དངོས་ནི་ལོ་རྒྱུས་རིག་གནས་ཀྱི་སྙིང་བཅུད་ཡིན་པས་རིག་དངོས་སྲུང་སྐྱོང་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཆུ་མ་ཤོར་གོང་ནས་རགས་རྒྱུག་རྒྱུ་མཐའ་འཁྱོངས་བྱེད་པ། དགོན་སྡེའི་རིག་དངོས་སྲུང་སྐྱོང་དང་མེ་ཟོན་བདེ་འཇགས་སོགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རིག་དངོས་བདེ་འཇགས་ཐད་འཕྱུགས་པ་གཏན་ནས་མེད་པ་བྱེད་དགོས་པ་དང་། གྲངས་འཛིན་ནུས་པ་འདོན་རྒྱུ་མཐའ་འཁྱོངས་ཀྱིས་རིག་དངོས་ཀྱི་གྲངས་འཛིན་ཡིག་ཚགས་ཡག་པོ་བཟོས་ཏེ་རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་དང་འཚོ་བའི་ཁྲོད་ཁྱབ་པར་བྱས་ནས་སྐྱེ་བོ་ཀུན་གྱིས་ཀྲུང་ཧྭའི་ཤེས་དཔལ་གྱི་རིན་ཐང་མཐོང་བར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་ཤེས་རྟོགས་ཐུབ་པར་བྱས་ཐོག་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་བས་བརྟན་པོ་བསྐྲུན་རྒྱུར་སློབ་གསོ་རྒྱག་པ་དང་ཁྲིད་སྟོན་དེ་བས་ཡག་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།