དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་དུ་ཁྲོམ་འགྲེམ་ཀུང་སིར་བརྟག་ཞིབ་དང་བཞུགས་མོལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-05

    ཚེས་2ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝུའེ་ཤིའུ་ཁྲང་གིས་སྣེ་ཁྲིད་པའི་བརྟག་ཞིབ་ཚོགས་ཆུང་གིས། ལྷ་ས་གྲོང་ཁྱེར་དུ་བོད་ལྗོངས་མཁའ་ལམ་མ་རྐང་ཚད་ཡོད་ཀུང་སིར་འཚམས་འདྲི་དང་བརྟག་ཞིབ་བྱས་པ་དང་འབྲེལ། བོད་ལྗོངས་མཁའ་ལམ་མ་རྐང་ཚད་ཡོད་ཀུང་སི་དང་བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བ་དང་བཞུགས་མོལ་བྱས་ནས། ཁྲོམ་འགྲེམ་ཀུང་སིའི་འཕེལ་རྒྱས་ཀྱི་གནས་ཚུལ་དང་དཀའ་ངལ་ཤེས་རྟོགས་བྱས་པ་མ་ཟད། གཅིག་གྱུར་བཀོད་གཏོང་དང་ས་གནས་ས་ཐོག་ཏུ་གཞུང་དོན་བསྒྲུབས་ནས་ལྷག་བསྡད་པའི་གནད་དོན་ཐག་གཅོད་བྱེད་པར་མཐུན་སྦྱོར་དང་སྐུལ་འདེད་བཏང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་མ་རྩའི་ཁྲོམ་ར་འཛུགས་སྐྱོང་དང་ཁྲོམ་འགྲེམ་ཀུང་སིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཐབས་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད། འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཁག་གིས་ཚུགས་གནས་མཐོ་རུ་གཏོང་བ་དང་། གདེང་ཚོད་བརྟན་དུ་གཏོང་བ། མིག་སྔའི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་ཡང་དག་བཅས་བྱས་ཏེ། ཁེ་ལས་ཁྲོམ་འགྲེམ་དང་ཁྲོམ་འགྲེམ་ཁེ་ལས་ཀྱི་མ་དངུལ་བསྐྱར་བསྡུར་སྐུལ་འདེད་བཏང་ནས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་། སྤུས་ཀ་དག་པ། འགྲན་རྩོད་ནུས་པ་ཆེ་བ་བཅས་ཀྱི་མ་རྩའི་ཁྲོམ་རའི“བོད་ཀྱི་དཔེ་གཞི”གཏོད་དགོས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། རང་འགུལ་ངང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་ཐུབ་པར་བྱེད་པ་དང་། གཙོ་ལས་ལ་དམིགས་ནས་གོ་སྐབས་དམ་པོར་འཛིན་པ། ཇུས་འགོད་གསར་གཏོད་དང་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ནས་ཞབས་ཞུའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་དང་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པ། འགན་འཁྲི་ཁུར་ཕོད་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། རྫུན་མ་མི་བཟོ་བ་དང་། ཁ་དན་ཚིག་ལ་གནས་པ་བྱེད་པ། དྲིན་ལན་འཇལ་བར་མཐོང་ཆེན་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ། བོད་ལ་དགའ་ཞེན་དང་བོད་དར་རྒྱས་གཏོང་བའི་བསམ་པའི་འཁྱེར་སོའི་ཐོག་ནས་བོད་དུ་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། རང་ལྗོངས་ཀྱི་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་རམ་འདེགས་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ལས་ཞུགས་ཐག་གཅོད་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་སོགས་ལ་འབད་བརྩོན་སྔར་ལས་ཆེན་པོ་བྱས་ནས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།