ཡན་ཅིན་ཧའེ་ཡིས་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པ་དང་། བདེ་འཇགས་ཀྱི་དམར་ཐིག་བརྟན་པོ་སྲུང་བ། བདེ་འཇགས་ཀྱི་མཐའ་ཚད་ལ་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ། དུས་ཆེན་གྱི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་བདེ་འཇགས་བརྟན་ལྷིང་དང་དགའ་སྤྲོ་འཆམ་མཐུན་གྱི་ལོ་གསར་སྐྱིད་པོ་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འདམ་གཞུང་གི་དགུན་དུས་ལུག་ཤ་དང་ཚགས་ཤ་གཅིག་སྡུད་ཕྱིར་ཚོང་ས་ཚིགས་དང་། ལེ་པའེ་ལུང་སྒོ་རྩིས་ཚོང་ཁང་། བརྒྱད་གཅིག་ཞིང་ལས་ཐོན་རྫས་ཁྲོམ་ར་བཅས་སུ་ཚོང་ཟོག་འདྲ་མིན་སྣ་ཚོགས་དང་སྣ་ཁ་འཛོམས་པོ་ཡོད་པས་གང་སར་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་བཞིན་ཡོད། ཡན་ཅིན་ཧའེ་ཡིས་ཕེབས་ཀྱིན་གཟིགས་ཀྱིན་དུ་ཚོང་པ་དང་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་དང་བྱམས་བརྩེའི་གླེང་མོལ་ཡང་ཡང་གནང་ནས་ཚོང་ཟོག་མཁོ་སྤྲོད་དང་། ཚོང་ཟོག་གི་རིན་གོང་། ཉིན་རེའི་ཚོང་གཉེར་ཡོང་འབབ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ། ཁོང་ཚོར་དུས་ཆེན་སྤྲོ་པོ་དང་ཚོང་རྒྱུག་པོ་ཡོང་བའི་སྨོན་འདུན་ཡང་ཞུས་ཤིང་། ཁོང་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེར་ཡོད་པས་ཁྲོམ་རའི་དགོས་མཁོ་ཆེན་པོ་ཡོད། “ཤ་ཚལ་སྒོང་གསུམ”དང“ཟ་འབྲུ”ཁྲོམ་རར་མཁོ་སྤྲོད་བྱེད་མང་དུ་བཏང་ནས་དུས་ཆེན་རིང་དངོས་ཟོག་འབེལ་པོ་དང་ཚོང་ཟོག་འདང་ངེས་ཡོད་པ་དང་སྤུས་ཚད་མཐོ་ལ་རིན་གོང་བརྟན་པོ་ཡོང་བའི་འགན་སྲུང་བྱས་ཏེ། དེ་བས་ལེགས་པའི་ཞབས་ཞུ་དང་དེ་བས་དངོས་ཕན་གྱི་རིན་གོང་ལ་བརྟེན་ནས་མང་ཚོགས་ཀྱི་དུས་ཆེན་རིང་གི་འཛད་སྤྱོད་དགོས་མཁོ་དེ་བས་ཡག་པོ་སྐོང་དགོས། བཟའ་བཅའི་བདེ་འཇགས་ཀྱི“ནན་ཤོས་བཞིའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་གནད་དོན“ཐར་པར་གཏན་ནས་མི་གཏོང་བ”དང་། རྫུན་ལྷད་ཞན་གསུམ་དང་དུས་ཚོད་ཡོལ་བ་དང་རུལ་བའི་བཟའ་བཅའི་རིགས་ནན་འགོག་བྱེད་པ། ཁྲོམ་ར་ལྟ་འདོམས་དང་ཁྲིམས་སྒྱུར་འགན་འཁྲི་བདའ་འདེད་དམིགས་སར་འབྱོར་ཐུབ་པ། “ཚལ་ཞིང་ནས་གསོལ་ལྕོག་བར”གྱི་འགོག་སྲུང་འཛིང་རགས་རེ་རེ་ཡག་པོ་སྲུང་བ་བཅས་བྱས་ཏེ། “ལྕེ་ཐོག་གི་བདེ་འཇགས”ནུས་ཤུགས་ཡོད་རྒུས་ཡག་པོ་སྲུང་དགོས་ཞེས་གསུངས་པ་རེད།
བདེ་འཇགས་ཐོན་སྐྱེད་ནི་སྔ་ཕྱི་བར་གསུམ་དུ་ཡན་ཅིན་ཧའེ་ཡིས་ཐུགས་ཁྲལ་གནང་ས་ཞིག་རེད། བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས། བདེ་འཇགས་ཀྱི་གནད་དོན་དོན་ཆུང་མིན་པས་སྟེས་དབང་གི་བསམ་བློ་གཏན་ནས་འཆང་མི་རུང་། “རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས་ལ་བརྟེན་ནས་བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་བསྲུངས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས། ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་མེ་ཟོན་སྒྲིག་བཀོད་དང་བདེ་འཇགས་བགྲོད་ལམ་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་དུད་དང་ལས་བཟོར་བདེ་འཇགས་ཤེས་བྱ་གསོ་སྦྱོང་དང་རྒྱུན་གཏན་གྱི་ནང་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རང་ངོས་ཀྱི་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་འབྱུང་རྩ་ནས་མེ་སྐྱོན་ལས་འཛོལ་ཚབས་ཆེན་མི་ཐོན་པའི་སྔོན་འགོག་བྱེད་དགོས། ཁོངས་གཏོགས་ས་ཆའི་འགོ་ཁྲིད་ཀྱི་འགན་འཁྲི་དང་། ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི། ལས་བཟོའི་ལས་གནས་ཀྱི་འགན་འཁྲི་བཅས་ནན་དུ་ཏན་ཏིག་བཏང་ནས། བདེ་འཇགས་ཐོན་སྐྱེད་དོན་འཁྱོལ་ཏན་ཏིག་ཐུབ་པ་དང་འབྲེལ་ཡོད་ལས་གནས་དང་མི་སྒེར་ལ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་སྲུང་དྲ་བ་ཚགས་དམ་དུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།