དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • རང་སྐྱོང་ལྗོངས་ཀྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་འཚོགས་པ།

    གཏེར་ཐོན་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་ཆེད་དོན་བཅོས་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-01

     ཚེས་30ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་གཏེར་ཐོན་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་ཆེད་དོན་བཅོས་སྐྱོང་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ལངས་པ་དང་འབྲེལ་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་ལྟར་ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་རྒྱུན་སྲིང་ལྷོད་མེད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་གནད་དོན་དག་ཐེར་དམ་འཛིན་ནན་པོ་བྱེད་པའི“མཇུག་འཕྲོའི་ལས་དོན”ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་དམིགས་བསལ་གནས་བབ་དང་སྐྱེ་ཁམས་ཉམས་ཞན་གྱི་དམིགས་བསལ་ལྗོངས་བབ་ཀྱིས་བོད་ཀྱི་གཏེར་ཐོན་ཐོན་ཁུངས་རྩད་ཞིབ་གསར་སྤེལ་ཐད“སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པའི”རྩ་དོན་ངེས་པར་དུ་དོན་འཁྱོལ་ནན་པོ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས་པའི་གཏན་འབེབས་བྱས་ཡོད། གཅིག་ནས་ཚུགས་གནས་མཐོ་རུ་བཏང་སྟེ་དག་ཐེར་ལ་དམ་འཛིན་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་སྔར་བས་ཆེ་རུ་གཏོང་དགོས་པ་དང་།

    གཏེར་ཐོན་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཁུར་ནས་ཁ་བཤད་ལག་ལེན་དང་གང་གསུང་དེ་སྒྲུབ་བྱེད་པ། ལྷག་བསམ་རྣམ་དག་ངང“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་ལྷག་བསམ་ཟོལ་མེད་ངང“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས། གཉིས་ནས་གནད་དོན་ལ་དམིགས་ཏེ་བཅོས་སྒྲིག་ལ་དམ་འཛིན་གྱིས་གཏེར་ཐོན་ཐོན་ཁུངས་རྩད་ཞིབ་གསར་སྤེལ་གྱི་ཆེད་དོན་བཅོས་སྐྱོང་བྱ་སྤྱོད་གོ་སྐབས་སུ་བྱས་ནས་གནད་དོན་གྱི་འབྱུང་རྩ་སྔོག་འདོན་གཏིང་ཟབ་དང་། མིག་སྔ་དང་ཕུགས་ལ་སྤྱི་འདོམས། བསམ་བློའི་ངོས་འཛིན་དང་། ལམ་ལུགས་ཚད་ལྡན། འགན་འཁྲི་དོན་འཁྱོལ། སྒྲིག་ཁྲིམས་གཅུན་འདོམས་སོགས་ཐབས་མང་མཉམ་སྤྱོད་དང་ཕྱོགས་བསྡུས་ཇུས་བསྟར་བཅས་མཐའ་འཁྱོངས་བྱས་ནས་དོན་ཚན་རེ་རེ་བཞིན་དང་རྣམ་གྲངས་རེ་རེ་བཞིན་ལ་བཅོས་སྒྲིག་བྱེད་དགོས། གསུམ་ནས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བཅོས་སྒྲིག་ལ་དམ་འཛིན་གྱིས་ཁྲིམས་སྐྱོང་གི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་གི་བླང་བྱ་ཞིབ་ཚགས་སུ་གཏོང་བ། རྒྱུན་དུ་ནས་ལྟ་འདོམས་ནན་པོ་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས་ཁྲིམས་སྐྱོང་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་སྲོལ་ལམ་ཐོག་ཕུགས་ཕན་རྒྱུན་རྣམ་མངོན་འགྱུར་བྱེད་དགོས། སྲིད་ཇུས་ནས་གཅུན་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། བཏོན་ཟིན་པའི་བླང་བྱ་ཁ་གསལ་ངེས་པར་དུ་སྲིད་ཇུས་དང་སྒྲིག་ཁྲིམས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་བརྟན་དུ་གཏོང་བ་དང་། བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་ཡིག་ཆའི་ནང་དོན་གཙོ་བོ་ཁག་གཅིག་བདམས་ནས་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་དགོས། ལག་རྩལ་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཆ་འཕྲིན་ལག་རྩལ་དང་རྒྱང་ཚོར་དབྱེ་ཞིབ་ལག་རྩལ་གསར་གཏོད་དང་བེད་སྤྱོད་དང་། མ་དངུལ་གཏོང་ཤུགས་མང་དུ་བཏང་ནས་གཙོ་གནད་ས་ཁོངས་སོགས་ལ་ལྟ་འདོམས་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། བཞི་ནས་འགན་འཁྲི་ནན་དུ་བཏང་སྟེ་བཅོས་སྒྲིག་ལ་དམ་འཛིན་གྱིས་ཁོངས་གཏོགས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། “ཚད་གཞིར་མཐའ་གཅིག་ཏུ་གཞིགས་པ་དང་སྒྲིག་ཁྲིམས་མཐའ་གཅིག་ཏུ་ལག་བསྟར”མཐའ་འཁྱོངས། “ཇུས་གཞི་གཅིག་དང་། གསལ་ཐོ་གསུམ། རྩིས་ཁྲ་གཅིག”བཅས་ཀྱི་ལས་ཀའི་ལམ་སྲོལ་མུ་མཐུད་དོན་འཁྱོལ་ཡག་པོ། བཅོས་སྒྲིག་གི་ལས་འགན་མི་ཐོག་ཏུ་འཁྱོལ་བ་དང་དམིགས་སར་འཁྱོལ་བ་བཅས་བྱས་ཏེ་རེ་རེ་བཞིན་ལ་བཅོས་སྒྲིག་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་བཀོད་གཏོང་རྗེས་སྙེག་ལ་དམ་འཛིན་ནན་པོ་བྱས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཤེས་རྟོགས་ཐུབ་ཚེ་འཕྲལ་དུ་ཞིབ་བཤེར་ཐག་གཅོད་བྱེད་དགོས། “ཕྱིར་མིག་ལྟ་བའི”ལས་དོན་རྟག་ཏུ་སྤེལ་ནས་འགན་འཁྲི་དོན་འཁྱོལ་ལ་ལྡོག་སྐུལ་བྱེད་དགོས། ལྔ་ནས་ཁོར་ཡུག་བཟང་པོ་བཏོད་དེ་བཅོས་སྒྲིག་ལ་དམ་འཛིན་གྱིས་དྲིལ་བསྒྲགས་འཆད་འགྲེལ་ལས་དོན་ཡག་པོ་སྒྲུབ་པ་དང་། “མིང་ཐོ་ནག་པོ”དང“མིང་ཐོ་དཀར་པོའི”ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་དང་། ལེགས་བསྡུས། ལས་ཕྱོད་ཆེ་བ་བཅས་ལ་བརྟེན་ནས་བོད་ཀྱི་ལེགས་ཆའི་གཏེར་ཐོན་ཐོན་ཁུངས་གསར་སྤེལ་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།