དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

    —— 2024ལོའི་ཟླ་1ཚེས་8ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། བློ་བཟང་རྒྱལ་མཚན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-28

    འཐུས་མི་རྣམ་པ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར། ངས་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ།

    འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་གཙོ་བོ།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པའི་ལོ་དང་པོ་དེའང་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་བཏང་བ། “གདེང་ཚོད་བཞི”བརྟན་དུ་བཏང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱས་པ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་བཅས་གསུམ་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར། “དོན་ཆེན་བཞི”ལ་དམིགས་ཏེ“འཛུགས་གཏོད་བཞི”ལ་ནུས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁྲིམས་བཞིན་བསྒྲུབས་ཐོག རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་6སྐོང་ཚོགས་བྱས་པ་དང་། ཁྲིམས་སྲོལ་གྲོས་གཞི་ཁག་13ལ་གྲོས་ཞིབ་བྱས་པའི་ཁྲོད་ཁག་5གྲོས་འཆམ་བྱུང་བ། ཆུས་བཙུགས་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་20ལ་ཆོག་མཆན་སྤྲད་པ། བཅའ་ཁྲིམས་དང་ཁྲིམས་སྲོལ་ཁག་9ཡི་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། སྙན་ཞུ་ཁག་30ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ། རིགས་མི་འདྲ་བའི་བརྟག་ཞིབ་ཐེངས་35སྤེལ་བ། དོན་གནད་གལ་ཆེན་གྱི་གྲོས་ཆོད་དང་གཏན་འབེབས་ཁག་7བཟོས་པ་བཅས་ལ་བརྟེན། ལས་དོན་ཁག་ལ་འཕེལ་རྒྱས་དང་གྲུབ་འབྲས་གསར་པ་ཐོབ་ནས་འགོ་ཡག་པོ་ཞིག་བཙུགས་ཡོད།

    གཅིག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགན་ལེན་བྱས་པ།

    མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གིས་རྒྱལ་ཁབ་ཀྱི་སྲིད་དབང་ལས་ཁུངས་འགོ་ཁྲིད་བྱེད་པའི་གལ་ཆེའི་ལམ་ལུགས་ཀྱི་གཞི་རྟེན་དང་། མི་དམངས་འཐུས་ཚོགས་ནི་ཏང་གི་འགོ་ཁྲིད་འོག་གི་ཆབ་སྲིད་ལས་ཁུངས་ཡིན་པ་ཁོང་དུ་གཏིང་ཟབ་ཆུད་པའི་ཐོག་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཡོད།

    གཅིག་ནས་ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་པ། “གྲོས་དོན་དང་པོའི་ལམ་ལུགས”དོན་འཁྱོལ་ནན་པོ་བྱས་ཏེ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཏང་ཙུའི་ཚོགས་འདུ། རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། “བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཆད་ཁྲིད”སོགས་ཐབས་རྣམ་སྤྱད་དེ། རྒྱུན་མཐུད་ངང་ཏང་གི་གསར་གཏོད་རིགས་གཞུང་གིས་དྲག་ཆས་གཏིང་ཟབ་སྤྲོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གསར་ཤོས་དུས་ཐོག་ཏུ་སློབ་སྦྱོང་རྗེས་ཟིན་པ་བྱས་ནས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་པ་དང་། “ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་དྲུག”གི་རྩ་དོན་གལ་ཆེན་དང་། ཚན་རིག་དང་མཐུན་པའི་བྱེད་ཐབས་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ནང་ལག་བསྟར་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གཏོང་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོར་བྱས་ཡོད། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་བསྲུངས་ཏེ། ཏང་ཀྲུང་དབྱང་གི་འཐབ་ཇུས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁྲོད་ཕྱོགས་ཡོངས་ནས་དོན་འཁྱོལ་དང་ལག་བསྟར་ནུས་ལྡན་ཡོང་བའི་ཁག་ཐེག་བྱས་ཡོད། དགོངས་སྐོར་སྙན་ཞུའི་ལམ་ལུགས་ལག་བསྟར་ནན་པོར་བྱས་ཏེ། ཚོགས་འདུ་གལ་ཆེན་དང་། ཁྲིམས་བཟོ་གལ་ཆེན། ལས་དོན་གལ་ཆེན། དོན་གནད་གལ་ཆེན་བཅས་རང་སྐྱོང་ལྗོངས་ཏང་ཨུད་ལ་དུས་ཐོག་ཏུ་དགོངས་སྐོར་སྙན་སེང་ཞུས་ཡོད།

    གཉིས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ། ཇུས་འགོད་ནན་ཏན་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ། རིགས་གཞུང་སློབ་སྦྱོང་བྱ་རྒྱུ་དང་། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ། གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། འཚོལ་བཤེར་དང་དག་ཐེར་བྱ་རྒྱུ། སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ཡོད། བཀོད་གཏོང་ཚོགས་འདུ་ཐེངས་20སྐོང་ཚོགས་བྱས་པ་དང་། དཔེ་ཀློག་འཛིན་གྲྭ་དང་། ཆེད་དོན་ཟུར་ཁྲིད། བགྲོ་གླེང་བཅས་ཐེངས་42སྤེལ་བ། ཏང་ཙུའི་ཚན་ཁག་གི་ཁོངས་མིས་ཏང་གི་སློབ་ཚན་ཐེངས་25ཁྲིད་ཡོད། བརྟག་ཞིབ་བྱས་འབྲས་སྤེལ་རེས་ཚོགས་འདུ་དང་སྤུས་ཚད་མཐོ་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་སྐོང་ཚོགས་བྱས་ཏེ། བཤེར་འདོན་བྱུང་བའི་གནད་དོན་འཚོལ་བཤེར་དབྱེ་གསེད་དང་དག་ཐེར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པའི་དབར་འབྲེལ་མཐུད་མཐུན་སྦྱོར་བྱེད་ལམ་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱི་དབང་ཆ་སྤྱོད་པ་དང་སྲིད་གཞུང་གི་འགན་འཁྲི་སྒྲུབ་པའི་དབར་འབྲེལ་མཐུད་འཚམ་པོ་སྔར་ལས་ལྷག་པ་བྱས་ཡོད། “སྐབས་ཐོག་བཅོས་སྒྲིག”དང“ཕུགས་ཕན་སྲོལ་འཛུགས”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལམ་ལུགས་ཁག་65ལ་བཟོ་བཅོས་བརྒྱབ་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ཡོད།

    གསུམ་ནས་ལས་ཀའི་གཙོ་རྐང་སྟངས་འཛིན་བརྟན་པོ་བྱས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྱི་གཙོ་རྐང་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། དེ་ཉིད་ཁྲིམས་བཟོ་དང་། ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་ཁྲོད་མཉམ་འདྲེས་ཐུབ་པ་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་གླེང་སྟེགས་སྐབས་དང་པོ་གཉེར་རྒྱུའི་སྒྲིག་འཛུགས་དང་གྲ་སྒྲིག་ཞིབ་ཚགས་བྱས་ཤིང་། ཁྲིམས་སྐྱོང་ཡན་ལག་གླེང་སྟེགས་གཉེར་འགན་ཁུར་ནས་རང་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཏོད་པའི་དོན་སྨིན་ལག་ལེན་ཕྱོགས་སྡོམ་གཏིང་ཟབ་དང་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་དང་ལྟ་སྐུལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་བྱས་ནས“འདུ་ཤེས་གསུམ”རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་སྐྱོང་ཐད་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།

    བཞི་ནས་བོད་འབྲེལ་ཐད་ཀྱི་འཐབ་རྩོད་གཏིང་ཟབ་སྤེལ་བ། “དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་སྟངས་འཛིན་གཏིང་ཟབ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་གལ་ཆེའི་དུས་མཚམས་སུ་ས་གནས་དང་གྲོང་ཁྱེར་ཁག་དང་། འབྲེལ་གཏུག་བྱེད་གནས་ཁག གཙོ་གནད་དགོན་སྡེ་བཅས་སུ་ཟབ་ཞུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་སུ་འགྲོ་འོང་བྱེད་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། བོད་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ནེ་པ་ལ་དང་། ཁོ་རེ་ཡ་ལྷོ་མ། མོང་གོལ་རྒྱལ་ཁབ་བཅས་ལ་འཚམས་འདྲི་དང་། ཆི་ལི་དང་ཁོ་རེ་ཡ་ལྷོ་མ་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་ཚོགས་པར་སྣེ་ལེན་ཞུས་པ་མ་ཟད། འབྲེལ་ཡོད་རྒྱལ་ཁབ་ཀྱི་གྲོས་མི་དང་། སྲིད་ཕྱོགས་ཀྱི་གནད་ཡོད་མི་སྣ། ཀྲུང་གོ་བ་དང་ཕྱིར་སྡོད་རང་མི། ཀྲུང་གོའི་མཛའ་མཐུན་ལས་ཁུངས་སོགས་དང་གྲོས་མོལ་ཐེངས་21བྱས་ནས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། དུས་རབས་གསར་པའི་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་། དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ཐད་ཕྱོགས་མཐའ་ཀུན་གྱི་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་འོས་སྦྱོར་བྱས་ནས་བོད་ཀྱི་གཏམ་རྒྱུད་ཡག་པོར་བཤད་ཡོད།

    ལྔ་ནས་ཁྲིམས་ལྟར་ཐག་གཅོད་དབང་ཆ་དང་བསྐོ་འཐེན་དབང་ཆ་སྤྱད་པ། ཏང་ཀྲུང་དབྱང་གི་སྲིད་དོན་མཛད་ཕྱོགས་ཆེ་མོ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། མཚོ་སྣ་རྫོང་དང་སྨན་གླིང་རྫོང་རྫོང་བསྒྱུར་གྲོང་འཛུགས་བྱ་རྒྱུའི་འབྲེལ་ཡོད་གནད་དོན་གཏན་འབེབས་བྱས་ཡོད། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་མི་དམངས་འཐུས་ཚོགས་ཀྱིས་ཁྲིམས་ལྟར་འདེམས་བསྐོ་དང་བསྐོ་འཐེན་བྱ་རྒྱུ་ཕན་ཚུན་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འདེམས་བསྐོ་དང་བསྐོ་འཐེན་ལས་རིམ་སྔར་བས་ཚད་ལྡན་དུ་བཏང་ཞིང་། ལོ་ཧྲིལ་པོར་རྒྱལ་ཁབ་ལས་ཁུངས་ཀྱི་ལས་གཉེར་མི་སྣ་ཁྱོན་བསྡོམས་མི་ཐེངས་84བསྐོ་འཐེན་བྱས་པ་དང་། གསར་དུ་བསྐོ་གཞག་བྱས་པའི་མི་སྣ་35སྒྲིག་འཛུགས་ཀྱིས་རྩ་ཁྲིམས་ལ་དམ་བཅའ་བཞག་ཡོད།

    གཉིས། “དོན་ཆེན་བཞི”ལ་དམིཌ་པ་དང“འཛུགས་གཏོད་བཞི”ལ་ནུས་ཤུགས་བསྒྲིལ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཞུང་འཁྱོངས་གསར་འབྱེད་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཟོའི་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་བ།

    ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་། དམངས་གཙོའི་ཁྲིམས་བཟོ། བཅའ་ཁྲིམས་བཞིན་ཁྲིམས་བཟོ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁྲིམས་བཟོའི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན། གོ་ཆོད་ཡུན་ཚད་རང་བཞིན་བཅས་ཆེ་རུ་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད།

    (གཅིག)ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་ཐད་ཐབས་འགོད་ཇུས་འདོན་བྱས་པ། ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། གཙོ་གནད་འབུར་ཐོན། འཕྲལ་མཁོ་སྔོན་འཛུགས། ཁྱད་ཆོས་མངོན་པ། སྤུས་ཚད་ལ་དོ་སྣང་བཅས་བྱེད་པའི་རྩ་དོན་ལྟར་བོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་འཐུས་ལེགས་སུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་བཟོའི་འཆར་འགོད་དང་ལོ་འཁོར་གྱི་ཁྲིམས་བཟོའི་འཆར་གཞི་བཟོ་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་བཟོའི་ལས་དོན་ཚོགས་འདུ་དང་ས་གནས་ཀྱི་ཁྲིམས་བཟོའི་ས་ཡུལ་དངོས་ཀྱི་ལས་དོན་སྤེལ་རེས་ཚོགས་འདུ་སྐོང་ཚོགས་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བཟོའི་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཀྱི་ས་གནས་ཀྱི་ཁྲིམས་བཟོའི་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱས་པ་དང་། ས་གནས་ཀྱི་ཁྲིམས་བཟོའི་གྲུབ་འབྲས་དང་ཉམས་མྱོང་སྤེལ་རེས་བྱས་པ། བོད་ཀྱི་ས་གནས་ཀྱི་ཁྲིམས་བཟོ་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་བསམ་འཆར་ཞིབ་འཇུག་དང་བཟོ་འབེབས་བྱས་ཡོད།

    (གཉིས)གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཐད་སེམས་ནུས་ཡོད་རྒུ་བཏོན་པ། “བརྟན་ལྷིང”ལ་དམིགས་ཏེ་མི་དམངས་འདུམ་འགྲིག་སྲོལ་ཡིག་བཟོ་འབེབས་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་སྐུལ་སྤེལ་སྲོལ་ཡིག་གི་འཆར་ཟིན་ཟིན་འགོད་དང་གྲོས་ཞིབ་བྱས་པ། བདེ་འཇགས་ཐོན་སྐྱེད་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ཡོད། “གོང་འཕེལ”ལ་དམིགས་ཏེ་ཚོང་གཉེར་ཁོར་ཡུག་གི་སྲོལ་ཡིག་འཆར་ཟིན་དང་། མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྲོལ་ཡིག་འཆར་ཟིན། ས་ཞིང་དོ་དམ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ཀྱི་བཟོ་བཅོས་འཆར་ཟིན། ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱ་ཐབས་ཀྱི་བཟོ་བཅོས་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས་པ་དང་། བཟོ་ཚོགས་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་ལ་བཟོ་བཅོས་བྱས་ཡོད། “སྐྱེ་ཁམས”ལ་དམིགས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོ་འདོན་དང་ལག་བསྟར་བྱས་རྗེས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དུས་ཐོག་ཏུ་བཏོན་ཡོད། ཆུའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག་འཆར་ཟིན་ལ་གྲོས་ཞིབ་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་རི་འཛེག་སྲོལ་ཡིག་ལ་བཟོ་བཅོས་བརྒྱབ་ཡོད། ལྷ་ས་དང་། ལྷོ་ཁ། གཞིས་རྩེ། ཉིང་ཁྲི་བཅས་གྲོང་ཁྱེར་4ཡི་ཡར་ཀླུང་གཙང་པོའི་སྲུང་སྐྱོབ་སྲོལ་ཡིག་ལ་ཆོག་མཆན་སྤྲད་དེ། གཙང་པོ་རྒྱུག་ཁུལ་གྱི་ཐུན་མོང་ཁྲིམས་བཟོའི་ལས་དོན་ཐོག་མར་སྤེལ་ནས་གྲུབ་འབྲས་གལ་ཆེན་ཐོབ་ཡོད། “མཐའ་སྟོབས”ལ་དམིགས་ཏེ་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་བཅས་ཐད་ཀྱི་ཁྲིམས་བཟོའི་བརྟག་ཞིབ་དང་། མཐའ་མཚམས་དོ་དམ་སྲོལ་ཡིག་བཟོ་བཅོས་བྱེད་པའི་ལས་དོན་ལ་སྐུལ་འདེད་དོ་ནན་བཏང་སྟེ། ཁྲིམས་སྐྱོང་གི་སྟོབས་ཤུགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱས་ཡོད།

    (གསུམ)ཁྲིམས་སྐྱོང་གཅིག་གྱུར་ཡོང་བར་སྲུང་སྐྱོང་བྱ་རྒྱུའི་ཐད་དོན་ལ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བྱས་པ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད། སྙན་དཔོད་ཞིབ་བཤེར་ལས་དོན་སྤེལ་ཚུལ་གྱི་ཆེད་དོན་སྙན་ཞུ་ལ་ཉན་འཇོག་དང་གྲོས་ཞིབ་བྱས་ཏེ། སྙན་དཔོད་ཞིབ་བཤེར་གྱི་དཔེ་མཚོན་ལམ་ལུགས་བཙུགས་པ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་ཀྱི་གཞི་གྲངས་ཐོ་མཛོད་བཟོས་པ་མ་ཟད། བེད་སྤྱོད་གཏོང་འགོ་བཙུགས་ནས་ལོ་འཁོར་ནང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་330སྙན་དཔོད་དང་ལེན་བྱས་ཤིང་། དེའི་ནང་གི་ཁག་31ལ་ཞིབ་བཤེར་ཐག་གཅོད་ཀྱི་བསམ་འཆར་བཏོན་ཡོད། ལྗོངས་ཡོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་ཆེད་དོན་གཙང་བཤེར་བྱས་ནས་ཁྲིམས་སྲོལ་ཞིབ་བཤེར་དང་ཁྲིམས་བཟོའི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད།

    (བཞི)ཁྲིམས་བཟོའི་ལག་ལེན་གསར་གཏོད་བྱ་རྒྱུའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་པ། ཏང་ཨུད་ཀྱིས་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད། སྲིད་གཞུང་ལ་བརྟེན་པ། ཕྱོགས་ཁག་གིས་ཐེ་ཞུགས་བཅས་བྱེད་པའི་ཁྲིམས་བཟོའི་ལས་རྣམ་མཐའ་འཁྱོངས་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་། བཟོ་ཚོགས་ཀྱི་ལས་དོན། བདེ་འཇགས་ཐོན་སྐྱེད་སོགས་ཐད་ཀྱི་ཁྲིམས་བཟོའི་ལས་དོན་སྤེལ་ཡོད། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་དང་དམངས་གཙོའི་ཁྲིམས་བཟོའི་ལས་དོན་གསར་གཏོད་བྱས་ཏེ། ཁྲིམས་བཟོའི་དཔང་ཉན་སྒྲིག་སྲོལ་དང་ཁྲིམས་བཟོའི་བློ་འདྲིའི་ལས་ཀའི་སྒྲིག་སྲོལ་བཟོ་འབེབས་བྱས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་གཞི་རིམ་གྱི་ཁྲིམས་བཟོའི་འབྲེལ་གཏུག་ས་ཚིགས་ཁག་4མང་དུ་བཏང་ཡོད། ལོ་ཧྲིལ་པོར་ཁྲིམས་བཟོའི་ཐད་ཀྱི་བསམ་འཆར་ཁག་1027བསྡུ་ལེན་བྱས་པའི་ཁྲོད་ནས་ཁག་925དང་ལེན་བྱས་པ་དང་། རང་སྐྱོང་ལྗོངས་ཀྱི་ད་ལྟ་སྤྱོད་མུས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་128ལ་ཁྲིམས་བཟོས་རྗེས་ཀྱི་ཚོད་སྐོར་བྱས་ཡོད།

    གསུམ། ལྟ་སྐུལ་དང་རྒྱབ་སྐྱོར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྟ་སྐུལ་ལས་དོན་གྱི་དམིཌ་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་བ།

    ལྟེ་བའི་ལས་འགན་དང་མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། རེ་སྒུག་བཅས་ལ་དམིགས་ཏེ། ལྟ་སྐུལ་གྱི་ཐབས་རྣམ་སྟབས་བསྟུན་བེད་སྤྱོད་དང་ལྟ་སྐུལ་གྱི་ནང་དོན་དོན་འཁྱོལ་བྱས་ཤིང་། ཆེད་དོན་ལས་ཀའི་སྙན་ཞུ་ཁག་15དང་། ཁྲིམས་སྒྱུར་ཞིབ་བཤེར་གྱི་སྙན་ཞུ་ཁག་7 ཆེད་དོན་བརྟག་ཞིབ་སྙན་ཞུ་ཁག་6 རྗེས་འདེད་ཞིབ་བཤེར་གྱི་སྙན་ཞུ་ཁག་2བཅས་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་། ཆེད་དོན་འདྲི་རྩད་ཐེངས་2བྱས་པ་དང་སྦྲགས་བློ་མོས་བྱུང་ཚད་ཀྱི་དཔྱད་གདེང་བྱས་ཤིང་། གྲོས་ཞིབ་བསམ་འཆར་158བཏོན་པའི་ཁྲོད་ཁག་111བསྒྲུབ་རྒྱུར་བརྒྱུད་སྤྲོད་བྱས་པ་དང་ཁག་64ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    (གཅིག)ནུས་ཕྱོད་ཆེ་བའི་བཅོས་སྐྱོང་ལ་དམིགས་ཏེ་ཡུན་རིང་བདེ་འཁོད་ལ་ཕན་སྐུལ་བཏང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག་ལ་ཁྲིམས་སྒྱུར་ཞིབ་བཤེར་རྒྱུན་མཐུད་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཡོད། ཆོས་ལུགས་ལས་དོན་གྱི“སྲོལ་ཡིག་གཅིག་དང་བྱ་ཐབས་གཅིག”སོགས་ཀྱི་ཆེད་དོན་བརྟག་ཞིབ་གཏིང་ཟབ་སྤེལ་ནས་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། བདེ་འཇགས་ཐོན་སྐྱེད་ཀྱི་བཅའ་ཁྲིམས་དང་བདེ་འཇགས་ཐོན་སྐྱེད་ཀྱི་སྲོལ་ཡིག་ལ་ཁྲིམས་སྒྱུར་ཞིབ་བཤེར་དང་ཆེད་དོན་འདྲི་རྩད་སྤེལ་བ་དང་། སྡེ་ཁུལ་དུ་ཡོ་བཅོས་བྱ་རྒྱུའི་བཅའ་ཁྲིམས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་ལ་རྡུང་རྡེག་བཏང་ཚུལ་སོགས་ཀྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།

    (གཉིས)སྤུས་ཚད་མཐོ་བའི་གོང་འཕེལ་ལ་དམིགས་ཏེ། སྤུས་འབྲས་ལེགས་སུ་གཏོང་རྒྱུར་ཕན་སྐུལ་བཏང་བ། 2023ལོའི་འཆར་གཞི་དང་། སྔོན་རྩིས་ལག་བསྟར་བྱས་ཚུལ། སྔོན་རྩིས་ལེགས་སྒྲིག་གི་ཇུས་གཞི་བཅས་ཀྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དུས་དཀྱིལ་ཚོད་སྐོར་དང་། གཞུང་ཁོངས་རྒྱུ་ནོར་དོ་དམ། རྩིས་བཤེར་ལས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་ཚུལ་སོགས་ཀྱི་སྙན་ཞུ་ཉན་འཇོག་དང་གྲོས་ཞིབ་བྱས་ཡོད། ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་དོན་དང་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཚུལ་གྱི་ཆེད་དོན་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་། གཙོ་གནད་ཁྱབ་ཁོངས་སུ་ཟབ་ཞུགས་ཀྱིས་ས་གནས་སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་ལ་བརྟག་ཞིབ་བྱས་པ། གྲོང་གསེབ་དར་རྒྱས་ཀྱི་སྐུལ་འདེད་སྲོལ་ཡིག་དང་ཚན་རིག་ལག་རྩལ་ཁྱབ་གདལ་བཅའ་ཁྲིམས་སོགས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ་དང་། ལྗོངས་ཡོངས་ཀྱི་གྲོང་གསེབ་ཐོན་ལས་དར་རྒྱས་བཏང་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་ཡོད།

    (གསུམ)སྤུས་ཚད་མཐོ་བའི་འཚོ་བར་དམིགས་ཏེ། དམངས་འཚོ་འགན་ལེན་ལ་ཕན་སྐུལ་བཏང་བ། སློབ་གསོ་སྔོན་སྤེལ་དང་ལས་ཞུགས་སྔོན་འཇོག་གི་ཐབས་ཇུས་ལག་བསྟར་བྱ་རྒྱུར་དམིགས་ཏེ། རྒྱུན་ལས་ཨུ་ལྷན་གྱིས་འགོ་ཁྲིད་5ཡིས་རུ་སྣེ་ཁྲིད་དེ་ས་གནས(གྲོང་ཁྱེར)བདུན་དང་འབྲེལ་ཡོད་ཞིང་ཆེན་གྲོང་ཁྱེར་ལ་ཟབ་ཞུགས་ཀྱིས་ཆེད་དོན་བརྟག་ཞིབ་སྤེལ་ནས་བོད་ལྗོངས་འཛིན་གྲྭའི(སློབ་གྲྭ)སློབ་གཉེར་གཞི་ཁྱོན་རྒྱ་སྐྱེད་གཏོང་རྒྱུ་དང་ལས་ཞུགས་བོད་སྐྱོར་ལ་སྐུལ་འདེད་བཏང་ཡོད། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་ཚན་སློབ་རིག་འཕྲོད་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་སྲུང་དང་། འགོ་ནད་སྔོན་འགོག གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་སོགས་བྱས་ཚུལ་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་ནས་མི་དམངས་ཀྱི་བདེ་ཐང་སྲུང་རགས་བསྐྲུན་རྒྱུར་ཕན་སྐུལ་བཏང་ཡོད།

    (བཞི)ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་དམིགས་ཏེ། སྐྱེ་ཁམས་ཡག་པོ་ཡོང་རྒྱུར་ཕན་སྐུལ་བཏང་བ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱལ་ཁོངས་བར་སྟོང་འཆར་འགོད་བཟོ་སྒྲིག་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་སོགས་བྱས་ཚུལ་གྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་ཡོད། ལྗོངས་ཡོངས་ཀྱི་འཁྱགས་རོམ་ཐོན་ཁུངས་སྲུང་སྐྱོང་བྱས་ཚུལ་ལ་ཆེད་དོན་བརྟག་ཞིབ་བྱས་པ་དང་། འདམ་ར་སྲུང་སྐྱོང་བཅའ་ཁྲིམས་དང་འདམ་ར་སྲུང་སྐྱོང་གི་སྲོལ་ཡིག་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ། ཁྲིམས་འཛིན་ཐོག་ནས་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱས་ཡོད། “ལྗང་མདོག་དེ་ཁྲོན་བོད་ལྕགས་ལམ་གྱི་བཀྲག་མདངས་འཚེར་སར་གྱུར་བར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་བྱེད་སྒོ—བོད་དུ་སྤེལ་རྒྱུའི་བྱ་འགུལ་སྤེལ་ཡོད།

    བཞི། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ཏེ། འཐུས་མིའི་ལས་དོན་གྱི་འཇོན་ནུས་དང་ཆུ་ཚད་མཐོ་རུ་བཏང་བ།

    འཐུས་མིར་ཞབས་ཞུ་བསྒྲུབ་རྒྱུའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རྒྱུན་ལས་ཨུ་ལྷན་དང་འཐུས་མིའི་དབར་དང་། འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་རྒྱུ་དེ་གཟུང་བྱར་བརྩིས་ནས་འཐུས་མིའི་ལས་དོན་གཏིང་ཟབ་དང་རྒྱ་སྐྱེད་བཏང་བ་དང་། འཐུས་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་། ཏང་དང་སྲིད་གཞུང་གིས་མི་རིགས་ཁག་གི་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ཡག་པོ་བྱ་རྒྱུར་ཁག་ཐེག་བྱས་ནས་འཐུས་མིས་ཁྲིམས་ལྟར་འགན་སྒྲུབ་དེ་བས་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་དང་འགན་སྲུང་བྱས་ཡོད།

    (གཅིག)འཐུས་མིར་ཞབས་ཞུ་འགན་སྲུང་བྱེད་པའི་འཇོན་ནུས་དང་ཆུ་ཚད་མཐོ་རུ་བཏང་བ།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཆེད་དོན་བརྟག་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། ཁྲིམས་བཟོའི་བསམ་འཆར་བསྡུ་ལེན་སོགས་ནང་ཞུགས་རྒྱུའི་སྒྲིག་འཛུགས་བྱས་པར་མི་ཐེངས་170ཟིན་ཡོད། འཐུས་མི་བྱེད་སྒོའི་ནང་ཞུགས་པའི་ལས་རིམ་ཚད་ལྡན་དུ་བཏང་སྟེ། འཐུས་མི“གཞུང་གཅིག་ཨུད་གཅིག་ཁང་གཉིས”ཀྱི་འབྲེལ་ཡོད་བྱེད་སྒོའི་ནང་ཞུགས་རྒྱུར་སྒྲིག་འཛུགས་བྱས་པར་མི་ཐེངས་23ཟིན་ཡོད། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”འཛུགས་སྐྲུན་དང་། གཉེར་སྐྱོང་། དོ་དམ་བཅས་བྱས་ཚུལ་གྱི་ཆེད་དོན་བརྟག་ཞིབ་སྤེལ་ཏེ། ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ་བྱས་ཤིང་། འཐུས་མིས་དམངས་འདུན་དང་ལེན་དང་དམངས་བློ་གཅིག་སྡུད་བྱེད་ལམ་ཞིབ་འཇུག་དང་འཚོལ་ཞིབ་བྱས་ཡོད།

    (གཉིས)འཐུས་མིའི་སློབ་སྦྱོང་དང་སྦྱོང་བརྡར་གྱི་ལས་དོན་ཡག་པོར་བསྒྲུབས་པ། འཐུས་མིའི་ཆབ་སྲིད་ཀྱི་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་དེ་ཨང་དང་པོར་འཇོག་རྒྱུར་ཤུགས་བརྒྱབ་སྟེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་500སྒྲིག་འཛུགས་བྱས་ནས་ཐོག་མའི་འགན་བསྐོས་སྦྱོང་བརྡར་དང་། འགན་སྒྲུབ་ཀྱི་རྨང་གཞིའི་ལས་སྒོའི་ཤེས་བྱའི་སྦྱོང་བརྡར་སྤྲས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཏང་སློབ་དང་མཉམ་འབྲེལ་ཐོག་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་གཉེར་ཡོད། 《དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ལག་དེབ》ཁྱོན་ཁྲི་7ལྷག་རྩོམ་སྒྲིག་པར་འདེབས་བྱས་ནས་འཐུས་མིར་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་མཁོ་སྤྲོད་བྱས་ཡོད། འཐུས་མིའི་འགན་སྒྲུབ་དང་ལས་དོན་དྲིལ་བསྒྲགས་དང་གསར་འགྱུར་འགོད་འགྲེམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཐོག འཐུས་མིའི་ཉམས་འགྱུར་དཔེ་དེབ་རྩོམ་སྒྲིག་བྱས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁུར་ལེན་དང་ལས་རྗེས་མངོན་པར་བྱས་ཡོད།

    (གསུམ)འཐུས་མིའི་གྲོས་གཞི་དང་གྲོས་འཆར་གཉེར་བའི་ལས་ཀར་ཤུགས་སྣོན་བརྒྱབ་པ་དང་ལེགས་བཅོས་བྱས་པ། འཐུས་མིའི་གྲོས་འཆར་དང་། སྐྱོན་བརྗོད། བསམ་འཆར་བཅས་གཉེར་རྒྱུའི་ལས་ཀའི་ལམ་སྲོལ་དུས་ཐོག་ཏུ་བཟོ་བཅོས་བརྒྱབ་ནས་འཐུས་མིས་ཁྲིམས་ལྟར་འགན་དབང་སྤྱོད་པར་རྒྱབ་སྐྱོར་དང་འགན་སྲུང་སྔར་ལས་ལྷག་པ་བྱས་ཡོད། འཐུས་མི་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཆེད་དོན་བརྟག་ཞིབ་དང་གཅིག་སྡུད་ལྟ་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། གྲོས་འཆར་མ་བཏོན་གོང་ནས་འཐུས་མིར་འབྲེལ་གཏུག་མཐུན་སྦྱོར་བྱེད་ལམ་བཟོས་ཡོད། གྲོས་འཆར་བསྒྲུབ་རྒྱུའི་རྩིས་སྤྲོད་མཐུན་སྦྱོར་བྱེད་ལམ་སྔར་བས་འཐུས་ཚང་དུ་བཏང་སྟེ། འཐུས་མིའི་གྲོས་འཆར་ཁག་257སྤུས་ཚད་མཐོ་པོའི་སྒོ་ནས་བསྒྲུབས་ཏེ་གཉེར་སྒྲུབ་ཐུབ་ཚད་ཆེ་རུ་མངོན་གསལ་སོང་ཡོད།

    (བཞི)“འབྲེལ་གཏུག་གཉིས”གཏིང་ཟབ་དང་རྒྱ་སྐྱེད་བཏང་བ། ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་ཏེ། གྲུབ་འབྲས་ཕྱོགས་སྡོམ་དང་ཉམས་མྱོང་སྤེལ་རེས་བྱས་ནས་འཐུས་མིའི་བྱང་ཚད་དང་འགན་འཁྲི་སྒྲུབ་ནུས་ཆེ་རུ་བཏང་ཡོད། “འབྲེལ་གཏུག་གཉིས”ཀྱི་ལམ་ལུགས་གཏིང་ཟབ་ཏུ་བཏང་སྟེ། བཞུགས་མོལ་དང་། འཚམས་འདྲི། ཁ་པར། འཕྲིན་ཕྲན་སོགས་ཀྱི་ཐབས་ལམ་སྤྱད་དེ་འཐུས་མི་136དང་མི་ཐེངས་652ལ་ཐད་ཀར་འབྲེལ་གཏུག་བྱས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་མི་ཐེངས་120རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་བྱས་ཤིང་། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོས་ཟུར་ཞུགས་འཐུས་མི་དང་བཞུགས་མོལ་ཐེངས་4བྱས་པར་མི་ཐེངས་80ཞུགས་ཡོད། འཐུས་མིའི་ཁྱིམ་གཞིས་དང་། འཐུས་མིའི་འབྲེལ་གཏུག་ས་ཚིགས། འཐུས་མིའི་ཚོགས་ཆུང་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱི་བསམ་འདུན་དང་འབོད་སྒྲ་ཉན་འཇོག་དང་གསལ་ཞུ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ཁྱབ་རྒྱ་ཆེ་རུ་བཏང་ཡོད།

    ལྔ། “ལས་ཁུངས་བཞིའི”ངེས་གནས་ཀྱི་བླང་བྱ་མཐའ་འཁྱོངས་བྱས་ཏེ། རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ།

    ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ནས་ཏང་དང་མི་དམངས་ཀྱི་བློ་ཡིད་ཚིམ་པའི་ཆབ་སྲིད་ལས་ཁུངས་དང་། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས། ལས་དོན་ལས་ཁུངས། འཐུས་ཚབ་ལས་ཁུངས་བཅས་གཏོད་རྒྱུར་ཤུགས་བརྒྱབ་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་གསལ་ཐོ་བཟོ་འབེབས་དང་། རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་ལམ་ལུགས་བཟོ་བཅོས་དང་འཐུས་ཚང་དུ་བཏང་ཡོད། བརྟག་ཞིབ་བྱེད་སྲོལ་རབ་ཏུ་དར་བ་བྱས་ནས་བརྟག་ཞིབ་སྙན་ཞུ་ཁག་42གྲུབ་པ་དང་བསམ་འཆར་དང་གྲོས་འཆར་ཁག་161བཏོན་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ནན་པོ་བྱས་ནས་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་དམ་འཛིན་བྱས་ཡོད། ལྡོག་ཕྱོགས་དཔེ་མཚོན་གྱི་སྣ་སུན་བླངས་ཏེ། ཅི་གོ་ཀང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གྱོད་གཞི་དེ་ལྡོག་ཕྱོགས་སློབ་གཞིར་བྱས་ནས་གྱོད་དཔེས་བཅོས་སྒྲིག་ལ་སྐུལ་འདེད་དང་ཉེ་འགྲམ་གྱི་དོན་དག་གིས་ཉེ་འགྲམ་གྱི་མིར་སློབ་གསོ་བཏང་ཡོད། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་བྱས་རྗེས་ལ་གཞིགས་ནས་གདེང་འཇོག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་དང་། མི་དམངས་འཐུས་ཚོགས་ཀྱི་གསར་འགྱུར་དྲིལ་བསྒྲགས། རིགས་གཞུང་ཞིབ་འཇུག་བཅས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཡོད། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ལྗོངས་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་དོན་ཧྲིལ་པོའི་འགྲིལ་ཤུགས་དང་ནུས་ཕྱོད་ཆེ་རུ་བཏང་ཡོད།

    འཐུས་མི་རྣམ་པ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་གྲུབ་འབྲས་འདི་དག་ཐོབ་པའི་རྩ་བ་ཐུག་ས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེད་དཔོན་ལམ་སྟོན་གནང་བ་དང་། རྩ་བ་ཐུག་ས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བས་ཡིན་ལ། དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཤུགས་ཆེའི་མཛུབ་ཁྲིད་བཅས་ཀྱི་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཁོངས་མི་སྣ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་གྲུབ་ཁོངས་མི་སྣ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་མི་སྣ་བཅས་ཀྱིས་ཐེག་པ་ཁུར་ལེན་དང་། རང་འགན་གཙང་སྒྲུབ། ལས་གཉེར་ཏན་ཏིག་བྱས་པའི་འབྲས་བུ་དང་། རང་སྐྱོང་ལྗོངས་ཀྱི“གཞུང་གཅིག་ཨུད་གཅིག་ཁང་གཉིས”དང་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་གཡས་གཞོགས་གཡོན་འདེགས་དང་ཕྱར་བ་གྲུ་འདེགས་བྱས་པའི་འབྲས་བུ་ཡིན་ལ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཡིད་ཆེས་ཚད་མེད་དང་ཤུགས་ཆེའི་རྒྱབ་སྐྱོར་བྱས་པའི་འབྲས་བུའང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་མིག་ལྟ་དུས། ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་ཐུབ་དགོས་པ་ནི། ད་དུང་ཧེ་བག་དང་མི་འདང་བའི་ཆ་འགའ་ཤས་ཡོད། དེའང་ཁྲིམས་བཟོའི་ལས་དོན་ཁྲོད་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་དང་ཁྲིམས་བཟོའི་སྤུས་ཚད་ད་དུང་སྔར་བས་ཆེ་རུ་གཏོང་དགོས་པ་དང་། ལྟ་སྐུལ་ལས་དོན་གྱི་བཙན་ཐབས་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་ད་དུང་སྔར་བས་ཆེ་རུ་གཏོང་དགོས་པ། འཐུས་མིས་ཁྲིམས་བཞིན་འགན་འཁྲི་སྒྲུབ་པར་ཞབས་ཞུ་དང་འགན་སྲུང་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ། རང་ངོས་འཛུགས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས་པ་བཅས་ཡིན། དེར་བརྟེན། ང་ཚོས་འཐུས་མིའི་བསམ་འཆར་དང་གྲོས་འཆར་ནན་ཏན་གྱིས་ཉན་པ་དང་། རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུ་ཡིན།

    ད་ལོའི་ལས་འགན་གཙོ་བོའི་བཀོད་སྒྲིག

    འཐུས་མི་རྣམ་པ།

    2024ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་70འཁོར་བའི་ལོ་ཞིག་རེད། རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་བཅས་གསུམ་གཅིག་གྱུར་དམ་ཚགས་ཡོང་བ་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལས་ཀའི་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞི”ལ་དམིགས་པ་དང་། “འཛུགས་གཏོད་བཞི”ལ་ནུས་ཤུགས་བསྒྲིལ་ནས་རང་འགུལ་གྱིས་ཐེག་པ་ཁུར་ལེན་དང་། ཁྲིམས་བཞིན་འགན་འཁྲི་གཙང་སྒྲུབ། གཞུང་འཁྱོངས་གསར་འབྱེད་བཅས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ལེགས་སྐྱེས་འབུལ་རྒྱུ་དེ་ཡིན།

    གཅིག རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་གཏིང་ཟབ་སྤྲོས་རྒྱུར་དམ་པོར་དམིགས་ཏེ། རྒྱུན་ཆད་མེད་པར་བློ་སྒྲིལ་སེམས་སྐྱེད་ཀྱི་གོ་རྟོགས་གསར་པ་མཐོ་རུ་གཏོང་རྒྱུ།

    “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ངེས་སྦྱོང་སློབ་ཚན་དང་གཞི་རྩའི་ནུས་རྩལ་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་བྱ་རྒྱུ། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ཏང་གིས་འགོ་ཁྲིད་བྱ་རྒྱུ་དེ་ཕྱོགས་ཡོངས་དང་། ཆ་ཚང་བ། སྤྱི་ཡོངས་བཅས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཐུབ་པའི་ཁག་ཐེག་བྱ་རྒྱུ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཏང་གི་གསར་གཏོད་རིགས་གཞུང་ལ་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་གཞུང་གི་མོས་སེམས། བརྩེ་དུང་གི་མོས་སེམས་བཅས་ཟམ་མི་ཆད་པར་འཕེལ་བར་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་རྒྱུ་བཅས་ཡིན།

    གཉིས། “དོན་ཆེན་བཞི”ལ་དམ་པོར་དམིགས་པ་དང“འཛུགས་གཏོད་བཞི”ལ་ནུས་ཤུགས་སྒྲིལ་བའི་ལས་རྗེས་གསར་པ་ཟམ་མི་ཆད་པར་མངོན་པ་བྱ་རྒྱུ།

    ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། འཐབ་ཇུས་ཀྱི་བསམ་གཞིག་དང་། རྩོད་སྒྲུབ་ཀྱི་བསམ་གཞིག རྒྱུད་ཁོངས་ཀྱི་བསམ་གཞིག གསར་གཏོད་ཀྱི་བསམ་གཞིག ལོ་རྒྱུས་ཀྱི་བསམ་གཞིག ཁྲིམས་སྐྱོང་གི་བསམ་གཞིག མཐའ་ཚད་འཛིན་སེམས་བཅས་ཀྱི་ནུས་པ་མཐོ་རུ་གཏོང་རྒྱུར་སྣང་ཆེན་བྱས་ནས་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤྱི་ཡོངས་རང་བཞིན་དང་། དངོས་ཕན་རང་བཞིན། མཐུན་སྦྱོར་རང་བཞིན། རྒྱང་ལྟའི་རང་བཞིན། རྒྱུད་འཛིན་རང་བཞིན། ཚད་ལྡན་རང་བཞིན། འཐབ་འཛིང་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་དམ་པོར་དམིགས་པ་དང་ནུས་ཤུགས་བསྒྲིལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི“ལྡོག་མེད་ཀྱི་བླང་བྱ་བཞིའི”དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཀྱི་ལག་བསྟར་བྱེད་ཐབས་བཟོ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་གི་སྐུལ་འདེད་སྲོལ་ཡིག་བཟོ་འབེབས་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་ཆེད་དོན་བརྟག་ཞིབ་དང་ཆེད་དོན་འདྲི་རྩད་སྤེལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་བཏོན་ནས་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། ལས་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་ལས་དོན་ཁག་གི་གཙོ་རྐང་དུ་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ལ“ལྟ་བ་ལྔ”དང“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ཡང་དག་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས“མོས་སེམས་ལྔ”ཟབ་ཏུ་གཏོང་བ་དང“མཉམ་མྱོང་བཞིའི”གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ། མི་དམངས་འཐུས་ཚོགས་ཀྱི་མི་རིགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སློབ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་རོལ་བཅས་བྱེད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་དར་སྲོལ་ཆེན་པོ་གཏོད་རྒྱུར་སྐུལ་སྤེལ་ཤུགས་ཆེན་བཏང་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་སྤྱོད་པར་སྔར་བས་ཤུགས་སྣོན་རྒྱག་རྒྱུ། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུའི་ཚད་གཞི“ཕན་ཡོད་ལྔ”མཐའ་འཁྱོངས་བྱེད་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དང《ཆོས་ལུགས་ལས་དོན་སྲོལ་ཡིག》བོད་ལྗོངས་སུ་དོན་འཁྱོལ་གནད་སྨིན་དང་ཞིབ་ཚགས་ཡོང་རྒྱུའི་འགན་ལེན་བྱ་རྒྱུ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་རྒྱུར་དམ་པོར་དམིགས་པ་དང་ནུས་ཤུགས་བསྒྲིལ་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་སྲོལ་ཡིག་བཟོ་འབེབས་བྱེད་པའི་ལས་ཀ་གང་མགྱོགས་བསྒྲུབས་ཐོག་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་སྤེལ་རྒྱུ། ལས་གྲྭའི་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་དང་ནོར་སྲིད་ཀྱི་སྔོན་རྩིས་དང་ངེས་རྩིས་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ནུས་རྒྱུ་གཙང་མའི་རྟེན་གཞིའི་འཛུགས་སྐྲུན་ལ་ཆེད་དོན་བརྟག་ཞིབ་བྱ་རྒྱུ། ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་བཟོ་འབེབས་བྱ་རྒྱུ། བུད་མེད་ཀྱི་ཁེ་དབང་ལ་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་དང་། དབང་པོ་སྐྱོན་ཅན་ལ་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་བཅས་ལ་ཁྲིམས་སྒྱུར་ཞིབ་བཤེར་བྱ་རྒྱུ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་དམ་པོར་དམིགས་པ་དང་ནུས་ཤུགས་བསྒྲིལ་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་དོན་འཁྱོལ་ལག་བསྟར་བྱ་རྒྱུས་འཐེན་ཁྲིད་བྱས་ཏེ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལག་བསྟར་བྱ་ཐབས་དང་རང་སྐྱོང་ལྗོངས་ཀྱི་འཁྱགས་རོམ་སྲུང་སྐྱོབ་སྲོལ་ཡིག་བཟོ་འབེབས་བྱ་རྒྱུ་དང་། རང་སྐྱོང་ལྗོངས་ཀྱི་འདམ་ར་སྲུང་སྐྱོབ་སྲོལ་ཡིག་བཟོ་བཅོས་བྱ་རྒྱུའི་ཐོག་ནས་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྐོར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་གཏོང་རྒྱུ། 2023ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་འཛུགས་སྐྲུན་ལས་དོན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་བཅས་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་སྙན་ཞུར་ཉན་འཇོག་དང་གྲོས་ཞིབ་བྱ་རྒྱུ། 2024ལོའི་ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོབ་ཀྱི་དུས་རབས་བྱེད་སྒོ—བོད་དུ་སྤེལ་བའི་ལས་འགུལ་སྤེལ་རྒྱུ། གཏེར་ཁའི་སྐྱེ་ཁམས་དང་། བདེ་འཇགས་ཐོན་སྐྱེད་དང་། ཕན་འབྲས་མཉམ་སྤྱོད་སོགས་ཀྱི་ཕྱོགས་བསྡུས་བརྟག་ཞིབ་བྱ་རྒྱུ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུར་དམ་པོར་དམིགས་པ་དང་ནུས་ཤུགས་བསྒྲིལ་ཏེ། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་གྱི་སྐུལ་སྤེལ་སྲོལ་ཡིག་བཟོ་འབེབས་བྱ་རྒྱུ། མཐའ་དར་མཐའ་བདེ་མཐའ་བརྟན་དང་། མཐའ་མིའི་འབབ་འཕར། སྐམ་སའི་རྒྱལ་མཚམས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སོགས་ཀྱི་ཆེད་དོན་བརྟག་ཞིབ་བྱ་རྒྱུ། མཐའ་མཚམས་དོ་དམ་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་ལ་མུ་མཐུད་གྲོས་ཞིབ་བྱ་རྒྱུ་བཅས་ཡིན།

    གསུམ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཁྲིམས་བཞིན་བོད་སྐྱོང་གི་ཁུར་ལེན་གསར་པ་རྒྱུན་ཆད་མེད་པར་མངོན་པ་བྱ་རྒྱུ།

    ཁྲིམས་སྐྱོང་འཛུགས་སྐྱོང་དང་ཁྲིམས་སྐྱོང་འཐབ་རྩོད་ཀྱི་འཐབ་ས་དང་པོར་བློ་བརྟན་འགྱུར་མེད་ངང་གཞི་ཚུགས་ནས་ཁྲིམས་སྐྱོང་བོད་ལྗོངས་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ། ཚན་རིག་དང་མཐུན་པའི་ཁྲིམས་བཟོ་མཐའ་འཁྱོངས་བྱས་ཏེ། ཁྲིམས་བཟོའི་ཁྲོད་མི་དམངས་འཐུས་ཚོགས་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་2024ལོ་འཁོར་གྱི་ཁྲིམས་བཟོའི་ལས་དོན་འཆར་གཞི་བཟོ་སྒྲིག་དང་ལག་བསྟར་ཡག་པོ་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཁྲིམས་བཟོའི་སྲོལ་ཡིག་བཟོ་བཅོས་དང་ཁྲིམས་བཟོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། བཟོ་བསྒྲགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དེ་ཁྲིམས་སྒྱུར་ཁྲོད་མཉམ་ཞུགས་དང་། ཁྲིམས་འཛིན་ཁྲོད་མཉམ་འདྲེས། ཁྲིམས་ལུགས་ཁྱབ་གདལ་ཁྲོད་མཉམ་འཇུག་བཅས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་བཟོ་རྒྱུ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་སྲུང་སྐྱོང་ཐད་ཐུན་མོང་ཐོག་ཁྲིམས་བཟོ་བྱས་པའི་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་སྦྲགས་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱ་རྒྱུ། “ཤར་གཏོང་སྦྲེལ་ལམ”ལྟ་བུའི་གཞི་རིམ་ཁྲིམས་བཟོའི་འབྲེལ་གཏུག་ས་ཚིགས་ཀྱིས་དམངས་བློ་གཅིག་སྡུད་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ། ཁྲིམས་སྒྱུར་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྩ་ཁྲིམས་དང་། བཅའ་ཁྲིམས། ཁྲིམས་སྲོལ་བཅས་ལག་བསྟར་དོན་འཁྱོལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་རྒྱུ་མ་ཟད། བཅའ་ཁྲིམས་དང་ཁྲིམས་སྲོལ་གལ་ཆེན་ལག་བསྟར་བྱས་ཚུལ་ལ་དམིགས་ནས་ཁྲིམས་སྒྱུར་ཞིབ་བཤེར་དང་སྙན་དཔོད་ཞིབ་བཤེར་བྱེད་ནུས་ཆེ་རུ་གཏོང་རྒྱུ། ཁྲིམས་འཛིན་དྲང་གཞག་ཡོང་རྒྱུར་ཕན་སྐུལ་བཏང་སྟེ། ཕྱོགས་བསྡུས་ཐོག་ཁྲིམས་འཛིན་སྒྲིག་སྲོལ་ལེ་ལག་ཚང་སྒྲིག་གི་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་འགན་སྲུང་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་བསྒྲུབ་རྒྱུ་དང་ཁྲིམས་འཛིན་ལས་དོན་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་རྒྱུ། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལུགས་ལག་བསྟར་གྱི་བརྟག་ཞིབ་བྱས་ཏེ། བརྟག་ཞིབ་བྱས་ཚུལ་ལ་གཞིགས་ནས་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་ཆོད་བཟོ་འབེབས་བྱ་རྒྱུ། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལ་སྐུལ་འདེད་བཏང་སྟེ། རྩ་ཁྲིམས་ཀྱི་དགོངས་པ་དར་སྤེལ་དང་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ཐོག ཁྲིམས་ལུགས་ཁྱབ་གདལ་ལས་དོན་ནང་ཐེ་ཞུགས་དང་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་སྲོལ་ཡིག་དང“ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་སྐོར་གྱི་གྲོས་ཆོད་ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱས་ནས་ཁྲིམས་སྐྱོང་གི་དྲིལ་བསྒྲགས་སློབ་གསོ་དང་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཡིན།

    བཞི། འཐུས་མིའི་འཇོན་ནུས་འདོན་སྤེལ་བྱ་རྒྱུར་དམ་པོར་དམིགས་ཏེ། འཐུས་མིའི་ལས་དོན་ལ་སྒུལ་ཤུགས་གསར་པ་ཟམ་མི་ཆད་པར་སྣོན་རྒྱུ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འཇོན་ནུས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་བཟོ་འབེབས་བྱས་ཏེ། འཐུས་མིའི་སློབ་སྦྱོང་དང་སྦྱོང་བརྡར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་། ཆེད་དོན་སྦྱོང་བརྡར་དང་འགན་སྒྲུབ་ཉམས་མྱོང་སྤེལ་རེས་ཐད་ཤུགས་སྣོན་རྒྱག་རྒྱུ། ཁྲིམས་བཟོའི་བརྟག་ཞིབ་དང་ཁྲིམས་སྒྱུར་ཞིབ་བཤེར་སོགས་ལ་འཐུས་མི་གདན་འདྲེན་ཞུ་རྒྱུ། འཐུས་མིར་འབྲེལ་གཏུག་བྱེད་པའི་ནང་དོན་དང་བྱེད་སྟངས་ཕུན་སུམ་ཇེ་ཚོགས་དང་རྒྱ་བསྐྱེད་བཏང་ནས་འཐུས་མིས་མི་དམངས་མང་ཚོགས་ཀྱི་བསམ་འཆར་གསལ་ཞུ་དང་ཐག་གཅོད་བྱ་རྒྱུའི་ལན་སྤྲོད་ལམ་སྲོལ་འཐུས་ལེགས་སུ་གཏོང་རྒྱུ། གྲོས་འཆར་མ་བཏོན་གོང་ནས་འཐུས་མིས་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་ལམ་སྲོལ་བཟོ་བ་དང་། གཙོ་གནད་ཐོག་འཐུས་མིའི་གྲོས་འཆར་སྒྲུབ་སྐུལ་བྱེད་ལམ་འཐུས་ཚང་དུ་བཏང་སྟེ། འཐུས་མིའི་གྲོས་འཆར་དང་དེའི་སྒྲུབ་ཚུལ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་རྒྱུ། གཞི་རིམ་མི་དམངས་འཐུས་ཚོགས་ལ་མཛུབ་ཁྲིད་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས་དང་ས་ཚིགས་ལ་དོ་དམ་བྱེད་ནུས་ཆེ་རུ་དང་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་སུ་འགྲོ་འོང་བྱེད་པའི་དགེ་མཚན་འདོན་སྤེལ་བྱས་ཏེ། ཕྱི་ཕྱོགས་སུ་འགྲོ་འོང་དང་ཕྱི་ཕྱོགས་སུ་དྲིལ་བསྒྲགས་འོས་སྦྱོར་བྱ་རྒྱུ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    ལྔ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དམ་པོར་དམིགས་ཏེ། སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་གྱི་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ།

    “ལས་ཁུངས་བཞིའི”ངེས་གནས་ཀྱི་བླང་བྱ་ཁོང་དུ་ཆུད་པ་དང་སྟངས་འཛིན་གཏིང་ཟབ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ནས་བསམ་བློ་དང་། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས། ལམ་ལུགས་བཅས་ཀྱི་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་བཏང་བའི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་རང་རྟོགས་ངང་ཏང་ལ་ལྷག་བསམ་རྣམ་དག་དང་། ཏང་དང་དཀའ་སྡུག་མཉམ་ཁུར། ཏང་ཆེད་རང་འགན་གཙང་སྒྲུབ། ཏང་ལ་ལེགས་སྐྱེས་འབུལ་བ་བཅས་བྱ་རྒྱུ། གཙོ་གནད་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། གསལ་ཐོའི་རྣམ་པའི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭའི་རྣམ་པའི་སྐུལ་འདེད་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་70འཁོར་བ་དང་བོད་ལྗོངས་མི་དམངས་འཐུས་ཚོགས་ལ་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་དམིགས་ནས་རིགས་གཞུང་ཞིབ་འཇུག་དང་གསར་འགྱུར་དྲིལ་བསྒྲགས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་རྒྱུ། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱི་རིག་ནུས་ཕྱོགས་བསྡུས་ཉེར་སྤྱོད་ལས་སྟེགས་འཛུགས་ཐབས་འཚོལ་ཞིབ་བྱ་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་མི་དམངས་འཐུས་ཚོགས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཧྲིལ་པོའི་ཕན་འབྲས་ཆེ་རུ་གཏོང་རྒྱུ། གོང་འོག་མཉམ་འགུལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་བཅོས་དང་བརྟག་ཞིབ་བྱེད་སྲོལ་རབ་ཏུ་དར་བ་བྱས་ནས་ལས་བརྩོན་གསར་གཏོད་ཀྱི་ཧུར་སེམས་ཆེ་རུ་གཏོང་རྒྱུ། མི་དམངས་འཐུས་ཚོགས་ཀྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། མི་དམངས་ལ་ཞབས་ཞུ། ཁྲིམས་སྐྱོང་གོང་བཀུར། དམངས་གཙོ་དར་སྤེལ། དཀའ་སྤྱད་འབད་སྒྲུབ་བཅས་བྱེད་མཁན་གྱི་མི་དམངས་འཐུས་ཚོགས་ལས་དོན་གྱི་དཔུང་ཁག་ཅིག་གཏོད་རྒྱུ་བཅས་ཡིན།

    འཐུས་མི་རྣམ་པ།

    དུས་རབས་གསར་པའི་རྒྱང་ལམ་གསར་པའི་ཐོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དཔའ་ཉམས་དོད་ཅིང་གདེང་ཚོད་ཀྱིས་ཁེངས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གདེང་ཚོད་བརྟན་འཁྱོངས་དང་། མཐུན་སྒྲིལ་འབད་འཐབ། གཞུང་འཁྱོངས་གསར་འབྱེད། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།