དབུ་ཤོག>སྲིད་དོན།>སྲིད་གཞུང་སྤྱི་བསྒྲགས།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས།

    (2024ལོའི་ཟླ་1ཚེས་22ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-27

    ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་2024ལོའི་ཟླ་1ཚེས་22ཉིན་ལྷ་སར་འཚོགས་པ་རེད། ཚོགས་འདུར་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཨུ་ཡོན་33ཞུགས་པ་དང་མི་316ཟུར་ཞུགས་བྱས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེན་ཡུང་ཆི་དང་ལིའུ་ཅང་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ནི་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་2023ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཕྱོགས་སྡོམ་དང་2024ལོའི་ལས་འགན་བཀོད་སྒྲིག་བྱས་པ་རེད། བློ་མཐུན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་དང་གོ་བ་ཟབ་མོ་བླངས་ཡོད། ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ནང་རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་དགོས་དོན་གང་ཡིན་པ་དང་། རང་ངོས་གསར་བརྗེ་ཐུབ་དོན་གང་ཡིན་པ། རང་ངོས་གསར་བརྗེར་སྐུལ་འདེད་ཇི་ལྟར་གཏོང་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བསྐྱོན་ཞིང་། དེ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕུན་སུམ་ཚོགས་པའི་ལག་ལེན་གྱི་ཉམས་མྱོང་དང་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། དེ་ཐོག་ནས་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་འཛུགས་སྐྱོང་གི་ཆོས་ཉིད་དང་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་ལ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་སྒྲུབ་པར་བསམ་བློའི་མཚོན་ཆ་ཆེན་པོ་དང་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་ཡང་བྱས་ཡོད། བློ་མཐུན་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་ནང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རྒྱང་ལམ་གསར་པར་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་བཀོད་སྒྲིག་ཞིབ་ཕྲ་གནང་བ་དང་། ད་ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་ཡང་མཛུབ་ཁྲིད་ནུས་ལྡན་གནང་ཡོད། བློ་མཐུན་ཝང་ཅུན་ཀྲེང་གི་གསུང་བཤད་ནང་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ལག་ལེན་གཏིང་ཟབ་བསྟར་ནས་ལྗོངས་ཡོངས་ཀྱི་ཏང་ལ་དོ་དམ་དང་ཏང་སྐྱོང་བར་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་དང་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་བཀོད་སྒྲིག་ཞིབ་ཕྲ་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། 2023ལོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཀྲུང་དབྱང་སྒྲིག་ཨུད་ཀྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། ཐོག་མཐའ་བར་གསུམ་དུ“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ཐུབ་པའི་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་ལ་དམ་པོར་དམིགས་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་གཙང་དུ་ནུས་ལྡན་བཏང་བ་དང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་ནུས་ལྡན་བརྒྱབ་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་ནུས་ལྡན་བྱས་པ་རེད།

    ལྗོངས་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་སློབ་གསོ་བཅོས་སྒྲིག་གཉིས་སྤྱི་འདོམས་ངང་སྤེལ་ནས་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་དང་ཉམས་སད་ཐེག་པའི་དཔུང་ཁག་ལ་སྦྱོང་བརྡར་སྤྲས་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་རྣམ་གནོན་རང་བཞིན་གྱི་རྒྱལ་ཁའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དུ་བཏང་བ། རྒྱུན་འཁྱོངས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་། ཏན་ཏིག རྒྱུན་རྣམ། ཕུགས་ཕན་བཅས་ཡོང་བར་སྐུལ་འདེད་བཏང་བ། སྒྲིག་ཁྲིམས་འཛུགས་སྐྱོང་ཏན་ཏིག་དང་ཞིབ་ཕྲ་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་བྱེད་པ་དེ་ཏང་ཡོན་ལས་བྱེད་པའི་རྣམ་ཀུན་གྱི་གོམས་གཤིས་དང་རང་རྟོགས་ཀྱི་བསྲུང་བྱར་འགྱུར་བར་སྐུལ་འདེད་བཏང་བ། སྐོར་གཟིགས་ཀྱི་སྤུ་གྲིའི་ནུས་པ་འདོན་སྤེལ་བྱས་ནས་ཆབ་སྲིད་སྐོར་གཟིགས་ཀྱི་ཟིལ་ཤུགས་དང་རྟོལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལམ་ལུགས་དང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད། གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་ཆབས་ཅིག་ཚང་འཛོམས་གྲོས་ཚོགས་ཐོག་མིག་སྔའི་བོད་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་དུས་བབ་དང་ལས་དོན་ཁྲོད་ལྷག་པའི་གནད་དོན་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ཏེ་ངེས་པར་དུ་མཐོང་ཆེན་པོ་དང་ཐག་གཅོད་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། རྒྱང་ལམ་གསར་པར་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ངེས་པར་དུ་ཏང་གི་རང་ངོས་གསར་བརྗེའི་རྩ་བའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེའི་བསམ་བློའི་མཚོན་ཆ་རྣོ་པོ་སྟངས་འཛིན་ནན་པོ་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ལ་རྒྱུན་འཁྱོངས་ལྷོད་མེད་ངང་གཅིག་འདོམས་བྱེད་པ། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེའི་ལག་ལེན་གྱི་བླང་བྱར་སྟངས་འཛིན་ནན་པོ་བྱས་ཏེ་རྩ་བའི་དགོངས་གཞི་ནན་པོར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་དང་རུལ་རྒོལ་མཐའ་འཁྱོངས་བྱེད་པ། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེའི་ལས་དོན་གྱི་གཙོ་གནད་ལ་སྟངས་འཛིན་ནན་པོ་བྱས་ནས་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“འགོ་ཁྲིད་ཨང་དང་པོར”ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ངེས་པར་དུ་ཏང་གི་རང་ངོས་གསར་བརྗེའི་ཆབ་སྲིད་ཀྱི་འགན་འཁྲིར་སྟངས་འཛིན་ནན་པོ་བྱས་ནས་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་གྱི་འགན་འཁྲི་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། 2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད། འདི་ལོའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བཅས་བྱས་ནས། “སྲུང་སྐྱོང་གཉིས”ལ་དམ་པོར་དམིགས་པ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་གཏིང་ཟབ་ཏུ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱེད་པ། “རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཏིང་ཟབ་ཚད་དང་ཁྱབ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རྩ་ལག་མཉམ་བཅོས་དང་མ་ལག་བཅོས་སྐྱོང་བྱེད་པ། སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་དོགས་ཟོན་དང་བཅོས་སྒྲིག་བྱེད་པ་དེ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཏང་སྲོལ་དང་སྲིད་སྲོལ་བཟང་པོར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

    དང་པོ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་བློ་བརྟན་འགྱུར་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། “གྲོས་གཞི་དང་པོའི”ལམ་ལུགས་དང་མཉམ་སྡེབ་སློབ་སྦྱོང་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ལྷག་དོན་དུ་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དུས་ཐོག་ཏུ་རྗེས་སྙེག་སློབ་སྦྱོང་བྱས་ནས། “སློབ་སྦྱོང་གཏིང་ཟབ་བྱེད་པར”ཤུགས་སྣོན་རྒྱག་པ་དང་། “བརྟག་ཞིབ་ཏན་ཏིག་བྱེད་པར”བསམ་ཕྱོགས་འཚོལ་བ།“དོན་འཁྱོལ་ལ་དམ་འཛིན་བྱེད་པར”ཕན་འབྲས་དངོས་དོན་གཉེར་བཅས་བྱེད་དགོས།

    གཉིས་པ། “སྲུང་སྐྱོང་གཉིས”ལ་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ལ་ཞབས་ཞུ་དང་འགན་སྲུང་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཚུལ་ལ་དམིགས་པ། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་རིང་གི་གཙོ་གནད་རྣམ་གྲངས་དང་མ་དངུལ་དང་གཙོ་གནད་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་དམིགས་པ། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ“འགོ་ཁྲིད་ཨང་དང་པོས”འགོ་ཁྲིད་ཀྱི་འགན་འཁྲི་འཁུར་བ་དང་ལྷག་བསམ་ཟོལ་མེད་ངང་རང་འགན་གཙང་སྒྲུབ་བྱས་ཚུལ་ལ་དམིགས་པ། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས“སྲུང་སྐྱོང་གཉིས”ཐུབ་པར་སྐུལ་འདེད་གཏོང་དགོས།

    གསུམ་པ། “རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས། སེམས་ཐག་གཙང་བཅད་ཀྱིས་རུལ་སུངས་ཀྱི་ཁོར་ཡུག་དང་ཆ་རྐྱེན་མེད་པར་བཟོ་དགོས། རུལ་སུངས་ལ་ཆད་གཅོད་ཀྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས། སྲིད་གཞུང་དང་ཚོང་པ་ངན་འབྲེལ་གྱི་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་དེ་འགག་སྒྲོལ་དམག་འཐབ་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་རྒྱུ། སྨན་དང་སྨན་བཅོས། རྨང་གཞིའི་འཛུགས་སྐྲུན་ལས་གྲྭ འོས་སྐུལ་འོས་དཔོད་སོགས་དབང་ཆ་གཅིག་ཏུ་འདུས་པ་དང་། མ་དངུལ་འདུས་མང་བ། ཐོན་ཁུངས་ཕུན་སུམ་ཚོགས་པ་བཅས་ཁྱབ་ཁོངས་ཀྱི་རུལ་སུངས་ཀྱི་གནད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ། དམངས་འཚོའི་ཁྱབ་ཁོངས་དང་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱེད་དགོས། ལྐོག་རྔན་སྤྲོད་མཁན་ལ་མཉམ་དུ་ཆད་གཅོད་བསླབ་འདོམས་བྱེད་པར་ཤུགས་སྣོན་བརྒྱབ་ནས། ལྐོག་རྔན་སྤྲོད་མཁན་ལ་ཚུལ་མིན་ཁེ་ཕན་ཐོབ་རིགས་མཐའ་གཅིག་ཏུ་འདེད་ལེན་བྱེད་དགོས། གྱོད་དཔེར་བརྟེན་ནས་དག་ཐེར་དང་བཅོས་སྒྲིག་ལ་སྐུལ་འདེད་བཏང་སྟེ་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

    བཞི་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་རགས་ཆེན་མུ་མཐུད་བརྟན་དུ་གཏོང་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་དང་བཅོས་སྒྲིག་བྱས་ནས། སྒྲིག་འགལ་བཟའ་བཏུང་གི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་དགོས་ཤིང་། “སྒྲིག་འགལ་བཟའ་བཏུང”དང་། “དམིགས་འཛུགས་ཀྱི་མཉམ་སྡེབ་ཟ་ཁང་ནང་བཟའ་བཏུང་བྱེད་པ” “སྦྱིན་བདག་གིས་བཏང་བའི་ཁ་ལག་ཟ་བ” “གཤམ་འོག་གི་མིས་བཏང་བའི་ཁ་ལག་ཟ་བ”སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་མུ་མཐུད་དམ་འཛིན་ནན་པོ་བྱས་ནས“འཛུགས་གཏོད་བཞི”དོན་འཁྱོལ་ལ་ཤུགས་རྐྱེན་ཐེབས་པའི་ཚུལ་མིན་སྤྱོད་ཚུལ་ལ་དམ་པོར་དམིགས་ཏེ“མི་བྱེད་པ་ལྔའི”མངོན་གསལ་དོད་པའི་གནད་དོན་མུ་མཐུད་ཡོ་བསྲང་དང་བཅོས་སྒྲིག་བྱེད་དགོས།

    ལྔ་པ། རྩ་བའི་དགོངས་གཞི་ནན་པོར་སྟངས་འཛིན་བྱས་ནས་སྒྲིག་ཁྲིམས་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་གོ་སྐབས་སུ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ནན་ཏན་སྤེལ་དགོས། “ཐབས་རྣམ་བཞི”གནད་སྨིན་དང་ཚད་ལྡན་སྤྱད་དེ“ཕན་འབྲས་གསུམ”ཟུང་འབྲེལ་དམ་ཚགས་བྱེད་པར་སྐུལ་འདེད་གཏོང་དགོས། “དབྱེ་བ་འབྱེད་དགོས་པ་གསུམ”ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། དངོས་ཐོག་བདེན་འཚོལ་གྱིས་ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་དང་དོན་དངོས་གསལ་པོ་བཟོ་བར་སྐུལ་འདེད་གཏོང་དགོས། འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱས་ཏེ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས།

    དྲུག་པ། ཆབ་སྲིད་ཀྱི་ངེས་གནས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྐོར་གཟིགས་ཀྱི་སྤུ་གྲིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྐོར་གཟིགས་དང་སྐོར་ཞིབ་ཁྱོན་ཡོངས་ལ་ཁྱབ་པར་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས་ས་ཁུལ(གྲོང་ཁྱེར)ཨུ་ལྷན་གྱི་སྐོར་ཞིབ་ལས་དོན་ལ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་དགོས། སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་སྐོར་གཟིགས་དང་སྐོར་ཞིབ་ཀྱི་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། སྐོར་གཟིགས་དང་སྐོར་ཞིབ་ཀྱི་དག་ཐེར་བྱེད་ཤུགས་ཆེ་རུ་བཏང་ནས། སྐོར་གཟིགས་དང་སྐོར་ཞིབ་ཀྱི་དག་ཐེར་དང་གྲུབ་འབྲས་བཀོལ་སྤྱོད་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

    བདུན་པ། སྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་གཏིང་ཟབ་ཏུ་བཏང་སྟེ་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་བཅས་ལ་སྐུལ་འདེད་གཏོང་དགོས། སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱི་ནང་ཁུལ་གྱི་སྒྲིག་གཞི་དང་། འགན་ནུས་བཀོད་སྒྲིག མི་སྣ་བཀོད་སྒྲིག་བཅས་འཐུས་སྒོ་ཚང་དུ་བཏང་ནས། རིམ་སྤོར་ཁོངས་གཏོགས་དང་དམིགས་འཛུགས་ཁོངས་གཏོགས་ཚད་ལྡན་དུ་གཏོང་བ་དང་། “ཚོགས་ཆུང་དབར”མཐུན་སྦྱོར་ལྟ་སྐུལ་དང་། “ཁང་དང་ཚོགས་ཆུང་དབར”མཉམ་འགུལ་ལྟ་སྐུལ། “ཁང་དང་། ཚོགས་ཆུང་། ས་གནས”བཅས་མཉམ་འབྲེལ་གྱོད་སྒྲུབ་ཀྱི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས། “འགོ་ཁྲིད་ཨང་དང་པོ”དང་འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་རིམ་པའི་སྒྲིག་བཤེར་ལྟ་ཞིབ་ཡུག་ཁུལ་དབར་གྱི་མཉམ་སྒྲུབ་ལས་དོན་ལམ་སྲོལ་གཏིང་ཟབ་ཏུ་གཏོང་དགོས།

    བརྒྱད་པ། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་རྒྱུན་མཐུད་འཛུགས་སྐྱོང་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། རྦད་དེ་བློས་འཁེལ་བ། རྦད་དེ་སྤྱོད་གཙང་ཡོང་བ་བཅས་བྱེད་དགོས། གཞན་སྐྱོན་མ་བརྗོད་སྔོན་ལ་རང་སྐྱོན་རྟོགས་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་རང་ངོས་གསར་བརྗེའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་ཞིག་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་རང་ངོས་གསར་བརྗེའི་འཐབ་ཇུས་ཀྱི་ངེས་ཤུགས་ཆེ་རུ་གཏོང་བ་དང་། རང་ངོས་གསར་བརྗེའི་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས། ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ། དཔའ་ངར་ཆེན་པོས་རང་འགན་ཐེག་པ་འཁུར་ལེན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།