དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་སྒམ་ནན་བཅས་ཡུན་རིང་མཐའ་འཁྱོངས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
—— ཚོགས་ཞུགས་བློ་མཐུན་ཚོས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། (གསུམ)
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དུས་རབས་གསར་པའི་ལོ་བཅུའི་རིང་རྒྱུན་བསྲིང་ལྷོད་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་པ་བརྒྱུད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་མོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་ཞིག་ཡོད། རྒྱང་ལམ་གསར་པར་རུལ་སུངས་ལ་ངོ་རྒོལ་བྱེད་པར་དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་སྒམ་ནན་བཅས་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཆ་རྐྱེན་མེད་པ་བཟོ་བའི་ཐད་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་ནན་བཤད་གནང་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་དབྱང་སྒྲིག་ཨུད་ཀྱི་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་། ལྷག་པར་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ཀྱིས་ལྷོད་གཡེང་སྤུ་ཙམ་ཡང་མེད་པར་དམ་བསྒྲགས་རྣམ་པ་མཐའ་འཁྱོངས་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་དང་རྒྱ་ཆེར་གཏོང་བ། རྩ་ལག་མཉམ་བཅོས་ཀྱིས་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་སུ་གཏིང་ཟབ་གཏོང་བ་བཅས་རིམ་པ་གསུམ་གྱི་ངོས་ནས“རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རུལ་སུངས་ཐོན་ས་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱེད་པ་དང་བླང་བྱ་བཏོན་ཡོད།
རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་བླང་བྱ་དང་། ལྷག་པར་དུ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་ཚུལ་གསར་པ་དང་མཚོན་ཚུལ་གསར་པ་རིག་པ་དྭངས་གསལ་ངང་ཤེས་རྟོགས་དང་། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཆ་རྐྱེན་རིག་པ་དྭངས་གསལ་ངང་ཤེས་རྟོགས། དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་སྒམ་ནན་བཅས་གཡོ་འགུལ་སྤུ་ཙམ་ཡང་མེད་པར་མཐའ་འཁྱོངས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད། སྔ་ཕྱི་བར་གསུམ་དུ་ཐར་པར་གཏན་ནས་མི་གཏོང་བའི་ཟིལ་ཤུགས་མི་འགྱུར་བ་དང་རྒྱུན་དུ་ཆད་པ་གཅོད་མཚམས་གཏན་ནས་མི་འཇོག་པ། རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་གཏིང་ཟབ། ལྐོག་རྔན་སྤྲོད་ལེན་མཁན་ལ་མཉམ་དུ་ཞིབ་བཤེར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཡང་ཡང་ཐོན་པའི་གནད་དོན་རྙིང་པ་རིམ་བཞིན་ཉུང་དུ་གཏོང་བ་དང་། གསར་དུ་ཐོན་པའི་གནད་དོན་མི་མཆེད་པ། རུལ་སུངས་ལ་སྔོན་འགོག་དང་བཅོས་སྐྱོང་གི་གནད་དོན་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་གི་ཡིན་ཞེས་ཚོགས་ཞུགས་བློ་མཐུན་ཚོས་གཅིག་རྗེས་གཉིས་མཐུད་ངང་བཤད།
“འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་ཐར་པར་གཏན་ནས་མི་གཏོང་བའི་སྒོ་ནས་གནད་དོན་གྱི་ཁུངས་སྣེ་ཁག་780ལྷག་ཙམ་ཐག་གཅོད་བྱས་པ་དང་། གནད་དོན་ཁག་170ལྷག་ཙམ་གྱོད་དོན་ཐོ་འགོད་བྱས་པ། མི་170ལྷག་ཙམ་ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ། མི་10ལྷག་ཙམ་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་པ། རུལ་སུངས་ཡོད་ཚེ་ངེས་པར་དུ་ངོ་རྒོལ་བྱེད་པ་དང་། ལྐོག་ཟ་བྱས་ཚེ་ངེས་པར་དུ་ཐག་གཅོད་ནན་པོ་བྱེད་པ། གྱོད་གཞི་ཐོན་ཚེ་ངེས་པར་དུ་ཞིབ་བཤེར་ནན་པོ་བྱེད་པ་བཅས་ཀྱི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ངང་བཏང་ཡོད”ཅེས་ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་མཱ་ཝུན་ཆིང་གིས་ངོ་སྤྲོད་བྱས། གྲོང་ཁྱེར་དེའི་སྒྲིག་ཨུད་ལྟ་བཤེར་ཨུ་ལྷན་གྱིས་ནན་པོ་གཙོ་བོར་འཛིན་པ་དང་། ཕྱོགས་ཡོངས་ནས་ནན་པོ་བྱེད་པ། ནན་པོ་མཐའ་གཅིག་ཏུ་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ་དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་སྒམ་ནན་བཅས་ལྟ་སྐུལ་སྒྲིག་བསྟར་དང་ཁྲིམས་སྒྱུར་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཚང་མར་ཁྱབ་པར་བྱས་ནས། རིམ་པ་ཁག་གི“འགོ་ཁྲིད་ཨང་དང་པོ”དང་། གཙོ་གནད་ལས་གནས་ཀྱི་འགོ་ཁྲིད་ལས་བྱེད་པ། ན་གཞོན་འགོ་ཁྲིད་ལས་བྱེད་པ། གོ་གནས་སྤོར་རྩིས་ཡོད་པའི་འགོ་ཁྲིད་ལས་བྱེད་པ་སོགས་གཙོ་གནད་དུ་བྱས་ནས་དམ་པོར་དམིགས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མཚམས་དང་ཚོད་མེད་པ་དང་སྲིད་གཞུང་དང་ཚོང་པ་ལྐོག་འབྲེལ་གྱི་རུལ་སུངས་སོགས་གཙོ་གནད་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་ནས་ལས་དོན་སྤེལ་ཤུགས་ཆེར་གཏོང་རྒྱུན་འཁྱོངས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པའི་གནོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་རེད།
མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་གྱིས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་ཐད་ཀར་གནོད་འཚེ་གཏོང་སྲིད་པས། མི་དམངས་མང་ཚོགས་ཀྱིས་སེམས་གཏིང་ནས་འཁོན་འཛིན་བྱེད་ཀྱི་ཡོད། “སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པ་ནི་ཏང་དང་མི་དམངས་ཀྱི་ལྷག་བསམ་རྣམ་དག་གི་སྲུང་དམག་ཡིན་པས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་སྣ་ཚོགས་ལ་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས”ཞེས་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དུ་བཅའ་སྡོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ཀྲོའུ་ཝུའེ་ཡིས་བཤད།
རྒྱང་ལམ་གསར་པར“དམངས་འཚོའི་གནད་དོན”གྱི་ཁྱབ་ཁོངས་དེ་བས་ཆེ་བ་དང་། ལས་འགན་དེ་བས་ལྕི་བ། བླང་བྱ་དེ་བས་མཐོ་བ་བཅས་ཡོད་པས། ངེས་པར་དུ་ཤུགས་རྒྱག་ས་དང་འཇུག་སྒོ་གནད་སྨིན་ངང་བཙལ་ནས། ཏང་དང་མི་དམངས་ཀྱིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་དཀྲིས་པའི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་དགོས། “ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་ཆེད་སྒྲིག་བསྟར་ཁྲིམས་སྒྱུར་དང་དམངས་ཆེད་སྤྱོད་བསྲང་ཟིང་བཅོས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་གསོ་དང་། ལས་ཞུགས། སྨན་བཅོས་དང་སྤྱི་ཚོགས་འགན་བཅོལ། བཟའ་བཅའི་བདེ་འཇགས་སོགས་དམངས་འཚོའི་ཁྱབ་ཁོངས་དང་། ལྷག་པར་དུ་དམངས་ཕན་མ་དངུལ་དང་། སློབ་གསོའི‘འགན་ལེན་གསུམ’གྱི་གྲོན་དངུལ། ལས་ཞུགས་ཀྱི་གསོ་སྦྱོང་གྲོན་དངུལ་བཅས་དོ་དམ་བེད་སྤྱོད་དང་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་བཟའ་བཅའི་བདེ་འཇགས་སོགས་མངོན་གསལ་དོད་པའི་གནད་དོན་ལ་མུ་མཐུད་དམ་པོར་དམིགས་ནས། འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཀྱིས་གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཉེ་འགྲམ་གྱི‘སྦྲང་ཟ་གྲོག་གནོད’ལ་ཆད་པ་མཐའ་གཅིག་ཏུ་བཅད་དེ་མི་དམངས་མང་ཚོགས་ཚོས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་ཉེ་འགྲམ་དུ་ཡོད་པ་ཏན་ཏིག་ཚོར་བ་བྱེད་ཀྱི་ཡིན”ཞེས་མངའ་རིས་ས་ཨུད་ཀྱི་ཨུ་ཡོན་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཧྥེང་ཡུས་ཀྲུང་གིས་བཤད།
ཆད་གཅོད་ཀྱི་བྱེད་ཐབས་ལ་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རིམ་པ་གཅིག་པའི་ཏང་ཨུད་ལ་གཞོགས་འདེགས་ཀྱིས་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་གཏོང་བ་དང་། གྱོད་དཔེ་ཐོན་སའི་ས་ཁུལ་དང་ཚན་པས་གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོག་རྒྱུར་སྐུལ་འདེད་དང་མཛུབ་ཁྲིད་བྱེད་པ། སྒྲིག་བཤེར་ལྟ་ཞིབ་ཀྱི་གྲོས་འགོ་བཟོ་བ། ཉེན་ཟོན་སློབ་གསོའི་འགྲེམས་སྟོན་བྱེད་པ། ཉེན་ཟོན་སློབ་གསོའི་ཚོགས་ཆེན་འཚོག་པ། ཉེན་ཟོན་སློབ་གསོའི་ཆེད་དོན་པར་གཞི་སྟོན་པ། སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་ཏང་ཡོན་ལས་བྱེད་པའི་འགྱོད་བཤགས་ཟིན་ཐོ་བཟོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། “ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”ཉེན་ཟོན་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ཏེ་གྱོད་གཞི་དཔྱད་གཞིར་འཛིན་པ་དང་། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།