དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2024ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན།

    2024ལོའི་ཟླ་1ཚེས་7ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-26

    འཐུས་མི་རྣམ་པ་ཚོ།

    རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ་དང་2024ལོའི་སྔོན་རྩིས་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཕུལ་ནས་ཞིབ་བཤེར་གནང་རོགས་ཞུ་རྒྱུ་མ་ཟད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་རྣམ་པས་ཀྱང་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

    གཅིག 2023ལོའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་དང་། རང་སྐྱོང་ལྗོངས་སྐབས་བཅུ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན། དེ་ཡང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་མཛུབ་ཁྲིད་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ནན་ཏན་གྱིས“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོས་ཞིབ་བཤེར་ཆོག་མཆན་སྤྲད་པའི་སྔོན་རྩིས་དོན་འཁྱོལ་ནན་པོ་བྱས་ཏེ། ནོར་སྲིད་ཀྱི་གཞི་ཆེའི་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་བ་དང་། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་ཏན་ཏིག་བྱས་ཐོག དཔལ་འབྱོར་གཉེར་སྐྱོང་མུ་མཐུད་བཟང་འཁྱོངས་དང་། ནང་སྐྱེད་སྒུལ་ཤུགས་ཆེར་གཏོང་། སྤྱི་ཚོགས་སྔོན་དཔག་རྒྱུན་མཐུད་ལེགས་སྒྱུར། ཉེན་ཁའི་རྐྱེན་རྩ་མུ་མཐུད་སེལ་བ་བཅས་བྱས་ནས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་རྒྱུར་འགན་སྲུང་ནུས་ལྡན་བྱས་ཡོད། སྔོན་རྩིས་དོན་འཁྱོལ་བྱས་ཚུལ་སྤྱིའི་ཆ་ནས་ཡག་པོ་བྱུང་བ་དང་། གཏོང་ཡོང་དམིགས་ཚད་གཙོ་བོར་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་བྱུང་ཡོད།

    (གཅིག) 2023ལོའི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་236.6ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་125.8%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་31.7%འཕར་ཡོད་པས། 2018ལོ་ནས་བཟུང་བསྟུད་མར་ཆག་པའི་རྣམ་པར་ལེགས་སྒྱུར་བྱུང་སྟེ་སྔར་ལོའི་ཚད་མཐོ་ཤོས་སུ་སླེབས་ཡོད། དེ་གཙོ་བོ་ནི་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་སྤྱི་ཡོངས་ནས་བསྐྱར་འཕར་ལེགས་འཕེལ་བྱུང་བས་ཡིན་ལ། ལོ་གོང་མར་གཅིག་བསྡུས་ཁྲལ་སློག་ཅུང་མང་བ་དང་གཞི་གྲངས་དམའ་རུ་བཏང་བ་སོགས་ཀྱི་རྐྱེན་པས་ཀྱང་ཡིན། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2537.1དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་60 ལོ་གོང་མ་ནས་འཕྲོས་སྒྱུར་བྱས་པའི་སྒོར་དུང་ཕྱུར་436.2 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བེད་སྤྱད་པའི་སྒོར་དུང་ཕྱུར་558.8 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་9.6བཅས་བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་3838.3ཡིན། ལྗོངས་ཡོངས་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2809.1ཡིན་པ་དེ་ལོ་འགོའི་སྔོན་རྩིས་གྲངས་ཀྱི་103.7%ཡིན་པས་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་8.3%འཕར་ཡོད། དེའི་ཐོག་སྤྱིར་བཏང་གི་བུ་ལོན་ངོ་སྐྱེད་གཏོང་སྒོ་སྒོར་དུང་ཕྱུར་16དང་། སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བཀོད་སྒྲིག་བྱས་པ་སྒོར་དུང་ཕྱུར་662.4 སྒྱུར་འདོན་མ་དངུལ་སྒོར་དུང་ཕྱུར་2 གོང་འབུལ་ཞུས་པའི་གཏོང་སྒོ་སྒོར་དུང་ཕྱུར་6.7བཅས་བསྣན་ན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་3496.2ཡིན། གཏོང་ཡོང་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་སྒོར་དུང་ཕྱུར་342.1ཡིན་པ་དེ་སྒོར་དུང་ཕྱུར་94.1ཉུང་དུ་སོང་ཞིང་21.6%ཆག་ཡོད་པས། ལོ་10ཡི་ཚུན་དུ་ལོ་དེ་རང་ལ་འཕྲོས་སྒྱུར་གསར་པ་བྱུང་མེད་པ་མ་ཟད་ལོ་རྒྱུས་ཀྱི་སྒྲིལ་གསོག་འཕྲོས་སྒྱུར་གཙང་སེལ་བྱུང་བ་ཐོག་མ་ཡིན།

    ལྗོངས་རིམ་པ་དེ་གའི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་29.9ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་106.8%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་18.5%ཆག་ཡོད། དེ་གཙོ་བོ་ནི་2022ལོར་དོན་འཁྱོལ་བྱས་པའི་ནང་ལྗོངས་རིམ་པ་དེ་གའི་ཆད་གཅོད་གཞུང་བཞེས་དང་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་ཁེ་འབབ་སོགས་ཐེངས་གཅིག་མའི་ཡོང་འབབ་མཛོད་འཇུག་མང་ཙམ་བྱས་པས་ཡིན། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་2537.1དང་། སྤྱིར་བཏང་གི་བུ་ལོན་ཡོང་འབབ་སྒོར་དུང་ཕྱུར་60 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་179 གོང་འཇལ་གྱི་ཡོང་འབབ་སྒོར་དུང་ཕྱུར་15.1 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བེད་སྤྱད་པའི་སྒོར་དུང་ཕྱུར་118 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་1བཅས་བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་2940.1ཡིན། ལྗོངས་རིམ་པ་དེ་གའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་746.7ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་119.4%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་12.1%ཆག་ཡོད། དེའི་ཐོག་ས་གནས་གྲོང་ཁྱེར་ལ་ཁ་གསབ་སྒོར་དུང་ཕྱུར་1820.9དང་། སྤྱིར་བཏང་གི་བུ་ལོན་སྐྱི་སྒྱུར་གཏོང་སྒོའི་སྒོར་དུང་ཕྱུར་51 སྤྱིར་བཏང་གི་བུ་ལོན་ངོ་སྐྱེད་གཏོང་སྒོའི་སྒོར་དུང་ཕྱུར་9.1 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བཀོད་སྒྲིག་བྱས་པའི་སྒོར་དུང་ཕྱུར་230.3 གོང་འཇལ་གྱི་གཏོང་སྒོའི་སྒོར་དུང་ཕྱུར་6.7བཅས་བསྣན་ན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2864.7ཡིན། གཏོང་ཡོང་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་སྒོར་དུང་ཕྱུར་75.4ཡིན་ཞིང་། སྒོར་དུང་ཕྱུར་103.6ཉུང་དུ་ཕྱིན་པ་དང་57.9%ཆག་ཡོད།

    (གཉིས) 2023ལོའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་37.8ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་116.3%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་8.6%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་12.7དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་75.7 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་2.4 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་50.6བཅས་བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་179.2ཡིན། གཙོ་བོ་ནི་2023ལོའི་དོན་འཁྱོལ་བྱེད་པའི་ནང་ཆེད་དམིགས་བུ་ལོན་གྱི་ཁ་སྣོན་ཡོང་འབབ་ཀྱི་གཞི་ཁྱོན་ཆེ་ཙམ་ཡིན། ལྗོངས་ཡོངས་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་126.7ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་131.7%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་108.7%འཕར་ཡོད། དེའི་ཐོག་ཆེད་དམིགས་བུ་ལོན་ངོ་སྐྱེད་གཏོང་སྒོ་སྒོར་དུང་ཕྱུར་5.9དང་སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་4.8བསྣན་ན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་137.4ཡིན། གཏོང་ཡོང་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་41.8ཡིན།

    ལྗོངས་རིམ་པ་དེ་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་3.6ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་144%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་63.6%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་12.7དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་75.7 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་0.3བཅས་བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་92.3ཡིན། ལྗོངས་རིམ་པ་དེ་གའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་34.8ཟིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་280.6%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་569.2%འཕར་ཡོད། དེའི་ཐོག་ས་གནས་གྲོང་ཁྱེར་ལ་ཁ་གསབ་སྒོར་དུང་ཕྱུར་8.7དང་། ཆེད་དམིགས་བུ་ལོན་སྐྱི་སྒྱུར་སྒོར་དུང་ཕྱུར་44.2 སྒྱུར་འདོན་མ་དངུལ་སྒོར་དུང་ཕྱུར་0.5བཅས་བསྣན་ན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་88.2ཡིན། གཏོང་ཡོང་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་4.1ཡིན།

    (གསུམ) 2023ལོའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་7.9ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་197.5%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་3.9%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་3.6བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་11.5ཡིན། ལྗོངས་ཡོངས་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་5.7ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་126.7%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་23.9%འཕར་ཡོད། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་2བསྣན་ན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་7.7ཡིན། གཏོང་ཡོང་སྤྱི་འབོར་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་3.8ཡིན།

    ལྗོངས་རིམ་པ་དེ་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་3.1ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་206.7%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་19.2%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ལོ་གོང་མའི་འཕྲོས་སྒྱུར་སོགས་སྒོར་དུང་ཕྱུར་1.4བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་4.5ཡིན། ལྗོངས་རིམ་པ་དེ་གའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2.1ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་87.5%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་40%འཕར་ཡོད། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པའི་སྒོར་དུང་ཕྱུར་0.5བསྣན་ན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2.6ཡིན། གཏོང་ཡོང་མགོ་ཐུག་བཏང་རྗེས། འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1.9ཡིན།

    (བཞི) 2023ལོའི་སྤྱི་ཚོགས་ཀྱི་འགན་བཅོལ་ཐེབས་རྩའི་སྔོན་རྩིས་དོན་འཁྱོལ་བྱས་ཚུལ།

    ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་317.05ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་113.4%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་12.7%འཕར་ཡོད། དེའི་ནང་འགན་བཅོལ་རིན་དངུལ་གྱི་ཡོང་འབབ་སྒོར་དུང་ཕྱུར་258.19དང་། ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་དང་སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་58.86ཚུད་ཡོད། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་239.62ཡིན་ཞིང་། ལོ་འགོའི་སྔོན་རྩིས་གྲངས་ཀྱི་101.48%ཡིན་པ་དེ་ལོ་གོང་མའི་ངེས་རྩིས་གྲངས་དང་བསྡུར་ན་15.49%འཕར་ཡོད། ལོ་དེ་གའི་གཏོང་ཡོང་གི་འཕྲོས་ལྷག་སྒོར་དུང་ཕྱུར་77.43ཡིན་པ་དང་། ལོ་མཇུག་གི་རིམ་གསོག་འཕྲོས་ལྷག་སྒོར་དུང་ཕྱུར་641.91ཡིན།

    གསལ་བཤད་བྱེད་དགོས་པ་ཞིག་ནི་གོང་གསལ་སྔོན་རྩིས་ཁག་བཞིའི་ལོ་ཧྲིལ་པོའི་དོན་འཁྱོལ་བྱེད་གྲངས་དང་ལོ་འགོའི་སྔོན་རྩིས་གྲངས་ལ་ཁྱད་པར་ཆེ་ཙམ་བྱུང་བ་གཙོ་བོ་ནི་རང་ལྗོངས་ཀྱི་ནོར་སྲིད་གཏོང་ཡོང་ཐད་ཀྲུང་དབྱང་གི་སྒྱུར་སྤྲོད་ལ་ཤུགས་ཆེ་བརྟེན་དགོས་ཤིང་། ཀྲུང་དབྱང་གི་སྒྱུར་སྤྲོད་དེ་དོན་འཁྱོལ་བྱེད་པའི་ཁྲོད་གསབ་སྣོན་གཤམ་སྤྲོད་བྱེད་ཀྱི་ཡོད་པ་དང་། ལོ་འགོའི་སྔོན་རྩིས་བཟོ་འགོད་བྱེད་སྐབས་གཏན་འབེབས་ལྟར་དོན་འཁྱོལ་ཁྲོད་གསབ་སྣོན་བྱས་པའི་བཟོ་འགོད་ཆ་ཤས་ཚུད་ཀྱི་མེད་པས། དེ་མཚུངས་ཀྱིས་སྔོན་རྩིས་གྲངས་ལེགས་སྒྲིག་བྱས་པ་དེ་ཁྲིམས་ལྟར་སྔོན་རྩིས་ལེགས་སྒྲིག་ཇུས་གཞིའི་ནང་མངོན་པར་བྱས་ཡོད། ལོ་ཧྲིལ་པོའི་དོན་འཁྱོལ་བྱས་ཚུལ་དེར་ནོར་སྲིད་པུའུ་ནས་ངེས་རྩིས་ཀྱི་མཆན་བཀོད་བཀའ་ལན་གནང་རྗེས་འགྱུར་ལྡོག་ཕྲན་བུ་ཡོང་སྲིད་པས་སྐབས་ཐོག་ཏུ་ཁྲིམས་བཞིན་མི་དམངས་འཐུས་ཚོགས་ལ་འབྲེལ་ཡོད་དེ་དོན་སྙན་སེང་ཞུ་རྒྱུ་ཡིན།

    (ལྔ) ས་གནས་སྲིད་གཞུང་གི་བུན་ལོར་འགྲེམས་གཏོང་དང་བེད་སྤྱོད་བྱས་ཚུལ།

    ས་གནས་སྲིད་གཞུང་གི་སྤྱིར་བཏང་བུན་ལོར་སྒོར་དུང་ཕྱུར་60དང་ཆེད་དམིགས་བུན་ལོར་སྒོར་དུང་ཕྱུར་75.7འགྲེམས་སྤེལ་བྱས་ཏེ། འགྲིམ་འགྲུལ་དང་ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། 2023ལོའི་ལོ་མཇུག་བར་དུ། ལྗོངས་ཡོངས་ཀྱི་ས་གནས་སྲིད་གཞུང་གི་བུ་ལོན་བཅད་གྲངས་སྒོར་དུང་ཕྱུར་700.6དང་ལྷག་འཕྲོ་སྒོར་དུང་ཕྱུར་681.73ཡིན།

    (དྲུག) མི་དམངས་འཐུས་ཚོགས་ཀྱི་གྲོས་ཆོད་དང་ནོར་སྲིད་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱས་ཚུལ།

    2023ལོར་ནོར་སྲིད་སྡེ་ཚན་གྱིས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་གྲོས་ཆོད་དང་ཞིབ་བཤེར་བསམ་འཆར་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། ནོར་སྲིད་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཕན་འབྲས་ཆེར་སྐྱེད་ཀྱིས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ། ཁྲལ་རིན་གྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ། གཙོ་གནད་ཁྱབ་ཁོངས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་བ། སྔོན་རྩིས་དོན་འཁྱོལ་བྱེད་ཚད་མགྱོགས་སུ་བཏང་བ། ནོར་སྲིད་སྒྱུར་བཅོས་གཏིང་ཟབ་སྤེལ་བ། མ་དངུལ་གྱི་ཕན་འབྲས་ཐོན་ཤུགས་ཆེ་རུ་བཏང་བ་བཅས་ཀྱིས་ལས་དོན་ཁག་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།

    གཅིག་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱས་པ། ནོར་སྲིད་ཀྱི་གཏོང་ཆ་འགན་སྲུང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད། སྲིད་ཁྲིམས་སྡེ་ཚན་གྱི་ལས་སྒོའི་གྱོད་ཞིབ་དང་། སྒྲིག་བཀོད་སྒྲིག་སྦྱོར། ཁྲིམས་འཛིན་རོགས་སྐྱོབ། མི་དམངས་འདུམ་འགྲིག་སོགས་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཟམ་མི་ཆད་པ་བཏང་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་ཆེད། “ལས་གཞི་ཆེན་པོ་བཞི”དང་། “བྱ་སྤྱོད་དྲུག” “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”སོགས་ཀྱི་དྲིལ་བསྒྲགས་སློབ་གསོ་དང་འཛུགས་གཏོད་བྱེད་སྒོ་ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ས་གནས་གྲོང་ཁྱེར་བདུན་དག་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ས་གནས་གྲོང་ཁྱེར་འཛུགས་གཏོད་བྱས་ཡོད། དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“འདུ་ཤེས་གསུམ”གྱི་སློབ་གསོ་ལག་བསྟར་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ལས་འཛོལ་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྒྲིག་དང་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་སོགས་བྱ་རྒྱུར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    གཉིས་ནི་དཔལ་འབྱོར་སླར་གསོ་དང་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱས་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱས་པ། གཉེར་སྐྱོང་བྱེད་པོ་སྔར་བས་གོང་འཕེལ་ཡོང་བར་རྒྱབ་སྐྱོར་བྱས་ཤིང་། གཉེར་སྐྱོང་བྱེད་པོའི་དཀའ་ངལ་སེལ་རྒྱུར་ཤུགས་བརྒྱབ་སྟེ། ཀྲུང་དབྱང་གི་ཁྲལ་རིན་གཟིགས་སྐྱོང་གི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་བྱས་ཤིང་། དེའི་ནང་ཁེ་ལས་ཆུང་ཕྲན་དང་སྒེར་གཉེར་བཟོ་ཚོང་ཐེམ་དུད་ལ་ཐོབ་ཁྲལ་ཆག་ཡང་དང་། ནུས་རྒྱུ་གསར་པའི་འཁོར་རིགས་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་རྒྱུན་མཐུད་ལེགས་སྒྱུར། དུས་མཚམས་རང་བཞིན་གྱི་ལས་ཤོར་དང་ལས་རྨས་འགན་བཅོལ་འགྲོ་གྲོན་དམའ་རུ་གཏོང་བའི་སྲིད་ཇུས་རྒྱུན་མཐུད་ལག་བསྟར་སོགས་ཚུད་ཡོད། ཀུན་ཕན་དངུལ་རྩ་གོང་འཕེལ་གཏོང་རྒྱུ་སོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་28.6དོན་འཁྱོལ་བྱས་ནས་ཁེ་ལས་ཆུང་ཕྲན་གོང་འཕེལ་གཏོང་བར་རོགས་འདེགས་བྱས་ཡོད། མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་དང་གྲོན་དངུལ་གཅོག་པའི་བྱ་དགའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་ཏེ་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་གྲོན་དངུལ་གྱི་ཚད་གཞི་དམའ་རུ་བཏང་བས། ཁེ་ལས་ཆུང་ཕྲན་གྱི་ཁག་ཐེག་ཐེམ་དུད་གྲངས་འབོར་16.9%འཕར་བ་དང་། གཏོགས་ཁོངས་ནང་གི་མ་དངུལ་བསྡུ་རྒྱུག་གི་ཁག་ཐེག་བྱེད་འབོར་23.5%འཕར་ཏེ། ལོའི་ཁག་ཐེག་རིན་དངུལ་གཏོང་ཚད་མཐོ་ཤོས་1.5%ལས་མི་བརྒལ་བ་བྱས་ཡོད། ཁེ་ལས་འབྲིང་ཆུང་ནས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་པའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྒོར་ཁྲི་400ལས་བརྒལ་བའི་སྲིད་གཞུང་གི་ཉོ་སྒྲུབ་ལས་གཞི་ནས་ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་པའི་སྔོན་འཇོག་ཐོབ་སྐལ་དེ་30%ཡན་ནས་དུས་མཚམས་རང་བཞིན་གྱི་40%ཡན་བར་མཐོ་རུ་བཏང་ཡོད། ཁེ་ལས་འབྲིང་ཆུང་གི་རྩིས་དངུལ་དུས་ཐོག་ཏུ་གཏོང་སྤྲོད་འགན་སྲུང་བྱེད་ཆེད། སྲིད་གཞུང་ལས་ཁུངས་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས་བཅས་ཀྱི་འཛུགས་སྐྲུན་ལས་གྲྭའི་མྱུར་ཚད་ཀྱི་གྲོན་དངུལ་གཏོང་སྤྲོད་བསྡུར་ཚད་དམའ་ཤོས་དེ་60%ནས་80%བར་མཐོ་རུ་བཏང་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་། སྲིད་གཞུང་གི་མ་འཇོག་ཐོག་ནས་སྤྱི་ཚོགས་ཡོངས་ཀྱི་མ་འཇོག་ལ་ཁྲིད་སྟོན་དང་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། ཞིང་ལས། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། རིམ་རྩིས་བྱས་ན་གཞི་རྩའི་འཛུགས་སྐྲུན་གྱི་མ་འཇོག་དང་། འཁོར་རིགས་ཉོ་སྒྲུབ་ཀྱི་དཔྱ་ཁྲལ་ཁ་གསབ། བུན་ལོར་མ་དངུལ་སོགས་སྒོར་དུང་ཕྱུར་740དོན་འཁྱོལ་བྱས་ཏེ། ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཚང་བའི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་དང་། ལྷ་གཞིས་དང་ལྷ་ནག་གི་རིམ་མཐོའི་གཞུང་ལམ། གྲོང་གསེབ་ཀྱི་གཞུང་ལམ་དང་། དེ་བཞིན་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། ནུས་བསྲིའི་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་3.4དོན་འཁྱོལ་བྱས་ནས་ལྷ་སའི་གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་འཛུགས་སྐྲུན་དང་། ཕྱི་ངོས་ཀྱི་འགྲིམ་འགྲུལ་སྒྲིག་བཀོད་འཛུགས་སྐྲུན། T1དང་T2གནམ་ཐང་འབབ་ཚུགས་བསྐྱར་སྐྲུན་རྒྱས་སྐྲུན་བཅས་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ལྷ་སའི་འགྲིམ་འགྲུལ་འཛིང་འགག་ཆེ་རིགས་བཅོས་སྐྱོང་བྱེད་པའི“སྣེ་ཆད་གཞུང་ལམ”རྒྱས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཡོད། གཞི་རིམ་ལ་དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། ཐོན་ལས་གོང་འཕེལ་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་30སྒྲིལ་སྤྱོད་བྱས་པ་དང་། ནོར་སྲིད་ཀྱི་བྱ་དགའ་དང་ཁ་གསབ་སྤྲོད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ། ནོར་སྲིད་དང་དངུལ་རྩས་མཉམ་ཤུགས་འདོན་རྒྱུར་སྐུལ་འདེད་བཏང་བ། ནོར་སྲིད་མ་དངུལ་གྱིས་རྒྱབ་སྐུལ་དང་ཁྲིད་སྟོན་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པ་བཅས་ཀྱིས། ནུས་རྒྱུ་གཙང་མ་དང་། ཞིང་ལས་ཐོན་རྫས་ཞིབ་ཚགས་བཟོ་སྣོན། འབྱུང་འཕྲོད་བཟོ་ལས། མཐོ་གསར་གྲངས་འཛིན། བོད་ལུགས་གསོ་རིག་སྨན་རྫས། རིག་གནས་ཡུལ་སྐོར། མཐའ་མཚམས་ཉོ་ཚོང་ཟོག་འགྲེམས། དེང་རབས་ཞབས་ཞུ། སྤྱི་སྤྱོད་མཁའ་འགྲུལ་སོགས་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། རང་སྐྱོང་ལྗོངས་རིམ་པའི་ནོར་སྲིད་ཚན་ཞིབ་འགྲོ་གྲོན་དོ་དམ་བྱ་རྒྱུ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཞིང་། ནོར་སྲིད་ཀྱིས་ཚན་རྩལ་ཐད་གཏོང་ཆ་མུ་མཐུད་ཆེ་རུ་བཏང་ནས་ཚན་རྩལ་མ་དངུལ་སྒོར་དུང་ཕྱུར་3.5དོན་འཁྱོལ་བྱས་ཡོད། འཛད་སྤྱོད་སླར་གསོ་དང་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱས་ཤིང་། སྤྱི་ཚོགས་འགན་སྲུང་དང་སྤོ་སྒྱུར་གཏོང་སྤྲོད་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་གང་ལེགས་སྤྱད་དེ་ཐབས་ལམ་མང་པོའི་ཐོག་ནས་གྲོང་མིའི་ཡོང་འབབ་འཕར་སྣོན་ཡོང་བ་དང་། འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་རྒྱུར་སྐུལ་འདེད་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར་1.85དོན་འཁྱོལ་བྱས་ཏེ“བདེ་སྐྱིད་ལྡན་པའི་བོད་ལྗོངས་དང་ཡོངས་སུ་མོས་པའི་འཛད་སྤྱོད”ཀྱི་འཛད་སྤྱོད་ཆེན་པོ་དང་། འཛད་སྤྱོད་གསར་པ། བཟའ་བཏུང་འཛད་སྤྱོད་སོགས་སྐུལ་སྤེལ་གཏོང་བའི་བྱ་སྤྱོད་ཁག་ལྔ་ལག་བསྟར་བྱས་པས་གྲོང་མིའི་འཛད་སྤྱོད་བྱེད་ནུས་དང་འདོད་འདུན་ཆེ་རུ་སོང་ཡོད། མ་དངུལ་སྒོར་དུང་ཕྱུར་1.4དོན་འཁྱོལ་བྱས་ཏེ་ས་མཐོའི་ཁུལ་གྱི་ནུས་མང་གཡོས་སྦྱོར་ཐབ་ཆས་ཁྱབ་གདལ་གཏོང་བའི་དམངས་ཕན་བྱེད་སྒོ་སྤེལ་ཡོད། མཁོ་འཚོང་མཉམ་ལས་ཁང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་རྒྱབ་སྐྱོར་དང་། ཞིང་ཕྱུགས་ཐོན་རྫས་འཁོར་རྒྱུག་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། བོད་ལྗོངས་མཁོ་ཚོང་ཚོགས་པ་འཛུགས་པ་བཅས་བྱས་ཡོད། ཞབས་ཞུའི་ལས་རིགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། གྲོང་ཁྱེར་གྱི་དམངས་ཕན་འཚོ་བའི་འཁོར་ཚོམས་འཛུགས་སྐྲུན་ཚོད་ལྟ་བྱས་པ་དང་། གྲོང་གསེབ་ཀྱི་ཚོང་ལས་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་གསབ་པ། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་འཐུས་སྒོ་ཚང་དུ་བཏང་ཡོད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཤིང་། གྲོང་གསེབ་དར་རྒྱས་ལ་འབྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་123.4དོན་འཁྱོལ་བྱས་ཏེ་དབུལ་འགྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་བ་དང་ལག་བསྟར་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། མ་དངུལ་སྒོར་དུང་ཕྱུར་1.75དོན་འཁྱོལ་བྱས་ནས་རྨོ་ཞིང་གི་ས་བཅུད་སྲུང་སྐྱོབ་ལ་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་བྱས་ཡོད། དངོས་ཡོད་འབྲུ་རིགས་འདེབས་མཁན་ཞིང་པར་དུས་ཐོག་ཏུ་ཐེངས་གཅིག་མའི་ཞིང་སྤྱོད་དངོས་རྫས་ཀྱི་ཁ་གསབ་སྒོར་ཁྲི་1575སྤྲད་དེ། འབྲུ་རིགས་འདེབས་མཁན་ཞིང་པའི་ཁེ་འབབ་བརྟན་པོ་ཡོང་བ་བྱས་ཡོད། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་སོགས་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་21གསར་སྐྲུན་དང་མུའུ་ཁྲི་39བསྒྱུར་བཀོད་རིམ་སྤོར་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་འབྲུ་རིགས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་ཡོད། རྒྱལ་ཡོངས་ཀྱི་ས་རྒྱུའི་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་1.5དོན་འཁྱོལ་བྱས་ནས་ཞིང་འཕྲུལ་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་ཁ་གསབ་སྤྲད་ཡོད། སྒོར་དུང་ཕྱུར་12.8དོན་འཁྱོལ་བྱས་ནས་གཙང་པོ་འབྲིང་ཆུང་བཅོས་སྒྲིག་དང་། ཆུ་ལོག་གི་གནོད་འཚེ་འགོག་བཅོས། ཆུ་མཛོད་ཆུང་གྲས་བདེ་འཇགས་ཡོང་བ་སོགས་འབྲུབ་འགོག་ཐན་འགོག་གི་ཆུ་བེད་ལེགས་གཏོང་ལས་གཞིར་སྐུལ་འདེད་བཏང་ཡོད། སྒོར་དུང་ཕྱུར་1.7དོན་འཁྱོལ་བྱས་ནས་ཞིང་ཆུ་འདྲེན་ཁུལ་འབྲིང་གྲས་རྒྱུན་མཐུད་འཛུགས་སྐྲུན་ཚང་སྒྲིག་དང་ཆུ་བསྲིའི་བསྒྱུར་བཀོད། ཞིང་ཆུ་འདྲེན་ཁུལ་འབྲིང་གྲས་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་1.8དོན་འཁྱོལ་བྱས་ཏེ། ཞིང་ལས་ཐོན་སྐྱེད་དང་ཆུ་བེད་ཀྱི་གནོད་འགོག་གེགས་སེལ་བྱེད་ནུས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཡོད། ཞིང་ལས་འགན་བཅོལ་གྲོན་དངུལ་གྱི་ཁ་གསབ་སྒོར་དུང་ཕྱུར་11.3དོན་འཁྱོལ་བྱས་ཏེ། འགན་བཅོལ་ནང་ཞུགས་མཁན་ཞིང་འབྲོག་པའི་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ལ་སྒོར་དུང་ཕྱུར་427ཙམ་བཏང་ནས་ཉེན་ཟོན་འགན་སྲུང་བྱས་པ་དང་ལྷུན་གྲུབ་རྫོང་སོགས་འབྲུ་རིགས་ཐོན་ཁུལ་རྫོང་ཁག་ཆེ་གྲས་5ལ་གྲོའི་མ་གནས་ཡོངས་སུ་འགན་བཅོལ་ཐུབ་པ་བྱས་ཡོད། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། ནོར་ཤུགས་གཞི་རིམ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་རྫོང་གི་ཁྲལ་སློག་དང་སྒྱུར་སྤྲོད་མ་དངུལ་སྒོར་དུང་ཕྱུར་1821སྡེབ་རྩིས་གཤམ་སྤྲོད་བྱས་པས་6.7%འཕར་ཡོད་པ་དང་། གཞི་རིམ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་སྲུང་བྱེད་ནུས་ཆེ་རུ་བཏང་ནས་ས་ཁོངས་དོ་མཉམ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་ཡོད།

    ཁྲལ་འབབ་ཕྱིར་སློག་ཐད“བྱ་དགས་ཕྱིར་སློག་འཐུས་པའི”ལམ་སྲོལ་གསར་པ་བཏོན་པ་དང་། གཙོ་གནད་ཀྱི་དཔལ་འབྱོར་དམིགས་ཚད་བདམས་ནས་དཔལ་འབྱོར་གོང་འཕེལ་ལ་སྐུལ་ལྕག་གཏོང་བ་དང་། འབབ་འཕར་ཡོང་བར་སྐུལ་ལྕག་གཏོང་བ། དམ་པ་དོན་གཉེར་བྱེད་པར་སྐུལ་ལྕག་གཏོང་བ་སོགས་ཀྱི་ཐད་ནས། གྲོང་ཁྱེར་དང་རྫོང་ལ་གོང་འཕེལ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་དང་སྐུལ་ལྕག་བྱས་ཡོད། དམངས་འཚོའི་བདེ་སྐྱིད་ཚོར་སེམས་ཆེ་རུ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཤིང་། སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། ལས་ཞུགས། རྒན་གསོ་སོགས་དམངས་འཚོའི་བྱ་བ་དངོས་21ཏན་ཏིག་ངང་ཡག་པོ་བསྒྲུབས་པ་དང་། ཞིང་འབྲོག་པའི་ཁ་གསབ་རོགས་དངུལ་དང་འབྲེལ་བ་ཡོད་པའི་མ་དངུལ་ཚང་མ་དམིགས་སར་འབྱོར་བ་བྱས་ཡོད། ལས་ཞུགས་སྔོན་འགྲོར་བྱེད་པའི་ཁྲིད་ཕྱོགས་ཤུགས་ཆེར་བཏང་ཞིང་། ལས་ཞུགས་སྲིད་ཇུས་དང་མ་དངུལ་ལེགས་སྒྱུར་སྒྲིལ་སྤྱོད་བྱ་རྒྱུར་སྐུལ་འདེད་གང་མགྱོགས་བཏང་སྟེ། རིགས་འདྲ་མིན་གྱི་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་32.2དོན་འཁྱོལ་བྱས་ནས་གཙོ་གནད་མི་ཚོགས་ལས་ཞུགས་བརྟན་པོ་ཡོང་རྒྱུར་རྒྱབ་སྐྱོར་བྱས་པ་དང་། ཞིང་འབྲོག་པར་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་བ། ཞིང་འབྲོག་མང་ཚོགས་ལས་ཞུགས་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་བ། སློབ་ཆེན་སློབ་མ་ལས་ཞུགས་ལས་གཏོད་བྱ་རྒྱུར་རྒྱབ་སྐྱོར་བྱས་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་ལ་ཁ་གསབ་དང་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་སྤྲོད་པའི་ཚད་གཞི་བབ་བསྟུན་ངང་མཐོ་རུ་བཏང་ཡོད། སློབ་གསོར་མ་འཇོག་བྱེད་པའི་གཙོ་གནད་མངོན་ཆེར་བཏང་ཞིང་། སློབ་གསོར་མ་དངུལ་སྒོར་དུང་ཕྱུར་290.5དོན་འཁྱོལ་བྱས་ཏེ“འགན་ལེན་གསུམ”གྱི་གྲོན་དངུལ་སློབ་མ་རེར་ཆ་སྙོམས་སྒོར་5530བར་མཐོ་རུ་བཏང་བ་དང་། འགན་བབས་སློབ་གསོའི་སློབ་གྲྭའི་སློབ་མ་རེར་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་ནས་སློབ་ཆུང་ལ་སྒོར་70དང་དམའ་རིམ་སློབ་འབྲིང་ལ་སྒོར་90མང་དུ་བཏང་བ། རྫོང་ཁོངས་ཀྱི་མཐོ་འབྲིང་དཀྱུས་མའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་བཅོས་བྱས་ཏེ། སློབ་ན་མ་སོན་གོང་གི་སློབ་གསོ་དང་མཐོ་འབྲིང་དཀྱུས་མའི་སློབ་གསོའི་ཞན་ཆ་གང་མགྱོགས་གསབ་པ་དང་། ལས་རིགས་སློབ་གསོའི་སློབ་མར་ཆ་སྙོམས་ངང་གྲོན་དངུལ་གཏོང་སྤྲོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། མཐོ་རིམ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་དང་གཞི་རྩའི་སློབ་གཉེར་ཆ་རྐྱེན་མུ་མཐུད་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱས་ཡོད། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་63.6དོན་འཁྱོལ་བྱས་ཏེ། ནད་ཡམས་དུས་མཚམས་སྒྱུར་བའི་རྗེས་མཐུད་འགན་སྲུང་ལས་དོན་ཏན་ཏིག་བསྒྲུབས་ཡོད། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་གྱི་ཁ་གསབ་ཚད་གཞི་སྒོར་110བར་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་སྒོར་675བར་མཐོ་རུ་བཏང་ཡོད། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ“1+7+13”གྱི་རོགས་སྐྱོར་བྱེད་ལམ་བཙུགས་པ་དང་། རྫོང་ཆུད་ཀྱི་གཞུང་བཙུགས་སྨན་བཅོས་ཚན་པར་དྲོད་གཏོང་འཛུགས་སྐྲུན་ཡོངས་སུ་ལེགས་འགྲུབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་དང་། འཕྲོད་བསྟེན་བདེ་ཐང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ནུས་པ་འཛུགས་སྐྱོང་བཅས་བྱེད་པར་སྐུལ་འདེད་བཏང་བ་དང་། སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་བ། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཡོད། སྤྱི་ཚོགས་འགན་སྲུང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཞིང་། ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་སྒོར་235བར་སྤར་བ། ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་གྲོན་དངུལ་སྒོར་500སྤར་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་11364དང་སྒོར་5340སོ་སོ་བར་སྤར་བ། དྭ་ཕྲུག་གི་གཞི་རྩའི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་དེ་ཟླ་རེར་མི་རེར་ས་ཁུལ་རིགས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ལ་སྒོར་172དང་། སྒོར་206 སྒོར་232བཅས་སོ་སོར་མཐོ་རུ་བཏང་བ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་འཚོ་སྐྱོང་ཚད་གཞི་བབ་བསྟུན་ངང་མཐོ་རུ་བཏང་ཡོད། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་བ། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུའི་ཚད་གཞི་དོན་འཁྱོལ་བྱས་ཏེ། སྤྱི་པའི་རིག་གནས་སྒྲིག་བཀོད་དང་སྤྱི་པའི་ལུས་རྩལ་ཁང་སྤྱི་ཚོགས་ལ་རིན་མེད་དང་ཡང་ན་གོང་ཚད་དམའ་པོའི་ཐོག་ནས་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་བཏང་བ་དང་། རིག་དངོས་སྲུང་སྐྱོབ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། རྒྱུན་འཛིན། གོང་འཕེལ་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱས་པ། རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས“བོད་ལྗོངས་འགྲེམས་ཚོགས”དང་།“ཧི་མ་ལ་ཡ་བསྐོར་བའི”རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས། གནམ་ལྕགས་འབར་བའི་གླེང་སྟེགས་སོགས་གལ་ཆེའི་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་འགན་སྲུང་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་4.7དོན་འཁྱོལ་བྱས་ནས་གཞུང་གི་བོགས་གཏོང་ཁང་པ་དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་ཁང་པ། ཁུལ་ཆུང་རྙིང་གོག་དང་སྡོད་ཁང་སྐྱོ་ཁུལ་སོགས་གསར་རྒྱག་དང་བསྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས་ཡོད།

    གསུམ་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་སྐྱེ་ཁམས་ཁོར་ཡུག་བཟང་འཁྱོངས་ཐུབ་པའི་འགན་ལེན་བྱས་པ།“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་རླུང་ཡིན་ཡང་གསེར་དངུལ་རི་ལས་ལྷག”པའི་འདུ་ཤེས་ལག་བསྟར་ནན་ཏན་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་དང་། རྒྱལ་ཁོངས་ས་ཆ་སྔོ་སྒྱུར་དང་རང་བྱུང་སྲུང་སྐྱོབ་ཁུལ་བདག་སྐྱོང་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་རླུང་ཁམས་ཆེན་མོ་དང་། ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ། རྒྱལ་ཁབ་ས་ཆ་སྔོ་སྒྱུར་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་ནས་ལྷོ་རི་བྱང་རི་དང“གཙང་གཉིས་ཆུ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་སྒྱུར་སོགས་གལ་ཆེའི་སྐྱེ་ཁམས་ལས་གཞིའི་འཛུགས་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ཡོད། ཉེན་ཁ་ཆེ་བའི་འཁྱགས་མཚོའི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བའི་ཚོད་ལྟའི་འཛུགས་སྐྲུན་བྱས་ཡོད། རྒྱལ་ཡོངས་ཀྱི་ས་རྒྱུ་ཡོངས་ཁྱབ་ཞིབ་བཤེར་ཐེངས་གསུམ་པ་སྤེལ་ཡོད། བགོ་འགྲེམས་རྒྱག་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ། སྐྱེ་ཁམས་བྱེད་ནུས་ཐོན་ཁུལ་ལ་སྒྱུར་སྤྲོད་སྒོར་དུང་ཕྱུར་39.9གཤམ་སྤྲོད་བྱས་ཡོད། ནགས་ཚལ་དང་། རྩྭ་ཐང་། བཤེར་ས་བཅས་ཀྱི་སྐྱེ་ཁམས་ཕན་འབྲས་སྐྱོང་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྤྲོད་རྒྱུར་རྒྱབ་སྐྱོར་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གནས་ཁྲི་44.03ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་15.4དོན་འཁྱོལ་བྱས་ནས། སྐྱེ་ཁམས་དབུལ་སྐྱོར་ནས་སྐྱེ་ཁམས་དམངས་ཕྱུག་གི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་ཀྱི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་གྱི་ཚོད་ལྟ་བྱེད་ཁོངས་སུ་འཇུག་རེ་ཞུ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

    བཞི་ནི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱས་པ། མཐའ་མཚམས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱས་ཏེ། མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་དང་། མཐའ་མཚམས་ཀྱི་དམངས་འཚོ་ལེགས་བཅོས། མཐའ་མཚམས་ས་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ཡོད། དུས་མཚམས་རང་བཞིན་གྱི་ནོར་ཤུགས་ཁ་གསབ་སྒོར་དུང་ཕྱུར་8དོན་འཁྱོལ་བྱས་ནས་ཉིང་ཁྲིའི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཚོད་ལྟར་རྒྱབ་སྐྱོར་བྱས་ཡོད། སྨན་གླིང་དང་མཚོ་སྣ་རྫོང་གཉིས་གྲོང་ཁྱེར་དུ་བསྒྱུར་རྒྱུར་རྒྱབ་སྐྱོར་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར་4དོན་འཁྱོལ་བྱས་ནས་འགྲམ་འགག་སྒོ་སླར་གསོ་བསྐྱར་སྐྲུན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། མཐའ་མཚམས་མི་སེར་ལ་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཞིང་། མཐའ་མཚམས་ཡུལ་མིའི་ཁ་གསབ་རོགས་དངུལ་མང་ཤོས་སུ་མི་རེར་ལོ་རེར་སྒོར་12800ཟིན་པ་དང་། མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་ཉོ་ཚོང་ལ་སྐུལ་འདེད་བཏང་ཡོད།

    ལྔ་ནི་ནོར་སྲིད་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ནོར་སྲིད་དོ་དམ་ནུས་པ་སྐས་རིམ་གསར་པར་སླེབས་པ། ནོར་སྲིད་ཐོན་ཁུངས་སྔར་བས་གཅིག་གྱུར་འཆར་འགོད་བྱས་པ། རྒྱལ་མཛོད་ནང་བེད་མེད་དུ་ལུས་པའི་མ་དངུལ་སྒོར་དུང་ཕྱུར་270སྲིད་ཇུས་ལྟར་ཕན་སྒྱུར་བྱས་པར། ལོ་རེར་ཡོང་འབབ་སྒོར་དུང་ཕྱུར་4.6འཕར་བ་དང་། སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་བེད་མེད་མ་དངུལ་སྒོར་དུང་ཕྱུར་334ཕན་སྒྱུར་བྱས་པར། ལོ་རེར་ཡོང་འབབ་སྒོར་དུང་ཕྱུར་5.32འཕར་བས། ཁེ་ཕན་དེ་གཉིས་ཀྱིས་ནོར་སྲིད་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་བརྒྱ་ཆའི་གྲངས་གནས་5ཙམ་ཟིན་ཡོད། བུ་ལོན་བཅད་གྲངས་བགོ་འགྲེམས་དང་བེད་སྤྱོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མ་དངུལ་བགོ་འགྲེམས་རྒྱག་རྒྱུ་སྔར་བས་ཚད་ལྡན་དུ་བཏང་བ། 《རང་སྐྱོང་ལྗོངས་ཀྱི་ནོར་སྲིད་མ་དངུལ་བགོ་འགྲེམས་བརྒྱུད་རིམ་སྔར་བས་ཚད་ལྡན་བཟོ་རྒྱུའི་སྐོར་གྱི་གནས་སྐབས་ལག་བསྟར་གཏན་འབེབས》པར་འགྲེམས་བྱས་ཤིང་། ལམ་ལུགས་བྱ་ཐབས་ཁག་36བཟོས་པ་དང་དག་བཅོས་བྱས་ཏེ་མ་དངུལ་བགོ་འགྲེམས་དང་དོ་དམ་ནན་པོ་བྱས་ཡོད། ཞིང་འབྲེལ་དང་ལས་ཞུགས་སོགས་ཀྱི་མ་དངུལ་སྒྲིལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ། “སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་བསྒྲུབ་རྒྱུར”སྐུལ་འདེད་ནུས་ལྡན་བཏང་ཡོད། ཟླ་བ་2ཀྱི་སྔོན་ནས་2024ལོའི་སྔོན་རྩིས་བཟོ་འགོད་ལས་དོན་བཀོད་སྒྲིག་བྱས་ཏེ། “གཅིག་གཉིས་གསུམ་བཞི་ལྔའི”སྒྲིག་གཞིའི་ལམ་སྲོལ་བཙུགས་པ་དང་། ལག་ལེན་བསྟར་འཐུས་ཀྱི་དམིགས་ཚད་གཞིར་བཟུང་སྔོན་རྩིས་དངོས་སུ་བཟོས་ཡོད། སྔོན་རྩིས་དོན་འཁྱོལ་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་པ། སྔོན་རྩིས་དོན་འཁྱོལ་བྱེད་པའི་བཙན་འདོམས་ལམ་སྲོལ་འཚོལ་ཞིབ་དང་གསར་གཏོད་བྱས་ཐོག སྔོན་རྩིས་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པས་སྔོན་རྩིས་དོན་འཁྱོལ་བྱེད་ཚད་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ཡོད། མ་དངུལ་སྐབས་བསྟུན་ཚུར་བསྡུའི་ལམ་སྲོལ་འཐུས་ཚང་དུ་བཏང་ཞིང་། རིམ་རྩིས་བྱས་ན་བེད་མེད་དུ་ལུས་པའི་མ་དངུལ་སྒོར་དུང་ཕྱུར་120ཚུར་བསྡུས་ཡོད། ནོར་སྲིད་ཀྱི་ཉེན་ཁར་སྔར་བས་ཚོད་འཛིན་བྱས་པ། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོར་བསྲུང་རྒྱུ་མཐའ་འཁྱོངས་བྱས་ཏེ། རྫོང་ཆུད་60%ལ“འགན་ལེན་གསུམ”གྱི་སྔོན་རྩིས་ཞིབ་བཤེར་བྱས་ཤིང་། རྒྱལ་ཁབ་ཀྱི་བླང་བྱའི་བསྡུར་གྲངས་ལས་བརྒྱ་ཆའི་གྲངས་གནས་15ཡིས་མཐོ་བ་ཡོད་པ་དང་། ལྗོངས་ཡོངས་སུ“འགན་ལེན་གསུམ”གྱི་ཉེན་ཁའི་དོན་རྐྱེན་གཅིག་ཀྱང་ཐོན་མེད། རྒྱུན་གཏན་གྱི་ནོར་སྲིད་སྔོན་རྩིས་ཀྱི་མ་དངུལ་བཟུང་སྤྱོད་མི་བྱེད་པའི་འོག ཀྲུང་དབྱང་གི་སྲིད་ཇུས་བརྩོན་ལེན་དང་གནད་སྨིན་ལག་བསྟར་བྱས་ཐོག བུ་ལོན་སེལ་བའི་ལས་དོན་གོ་རིམ་ལྡན་པའི་ངང་ཏན་ཏིག་སྤེལ་བས། ལྗོངས་ཡོངས་ཀྱི་བུ་ལོན་གྱི་ཉེན་ཁ་དེ་ལྗང་མདོག་ཉེན་ཁའི་རིམ་ཁོངས་སུ་ཚོད་འཛིན་བྱས་ཡོད། ནོར་སྲིད་སྒྱུར་བཅོས་སྔར་བས་གཏིང་ཟབ་པའི་ཕྱོགས་སུ་སྤེལ་བ། སྔོན་རྩིས་ཀྱི་ལས་རྗེས་ཕན་འབྲས་དོ་དམ་དང་། གཞི་གསར་སྔོན་རྩིས། གཞི་གཅིག་ཅན་གྱི་ཆ་འཕྲིན་མ་ལག་འཛུགས་སྐྱོང་བཅས་མཉམ་འདྲེས་གཏིང་ཟབ་བྱེད་པའི“2+1”གི་ནོར་སྲིད་དོ་དམ་སྒྱུར་བཅོས་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ཡོད། ལྗོངས་ཀྱིས་རྫོང་ལ་ཐད་ཀར་དོ་དམ་བྱེད་པའི་ནོར་སྲིད་སྒྱུར་བཅོས་བྱས་ཏེ་རྫོང་ཁག་10ལ་ཚོད་ལྟའི་ལས་དོན་སྤེལ་རྒྱུའི་འཆར་གཞི་བཏིང་ཡོད། ལྗོངས་ཡོངས་ཀྱི་སློབ་གསོའི་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ཡོད། གཞུང་ཁོངས་དངུལ་རྩའི་མ་རྩ་གཅིག་སྡུད་གཅིག་གྱུར་གྱིས་དོ་དམ་བྱེད་པའི་སྒྱུར་བཅོས་ཇུས་གཞི་བཟོས་ཏེ། གཞུང་ཁོངས་དངུལ་རྩའི་གནས་ཐང་སྲུང་འཕར་དང་ཚད་ལྡན་ལས་གཉེར་བྱ་རྒྱུར་སྐུལ་འདེད་བཏང་ཡོད། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ནོར་སྲིད་དོན་དབང་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ཀྱི་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། སྐྱེ་ཁམས་སྲུང་སྐྱོབ་དང་སྐྱོང་གསབ་ལམ་ལུགས་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཐོན་ལས་གོང་འཕེལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་ནས། ནོར་སྲིད་དང་དངུལ་རྩས་ནུས་ཤུགས་མཉམ་འདོན་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ནོར་དཔལ་སྒྲིག་ཁྲིམས་སྔར་བས་དམ་ནན་དུ་བཏང་བ། ཁྱབ་ཁོངས་9ཡི་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་ས་གནས་གྲོང་ཁྱེར་དང་ལྗོངས་ཐད་གཏོགས་ཚན་པར་ཕྱོགས་ཡོངས་ནས་ནོར་སྲིད་ནོར་དོན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་མཛུབ་ཁྲིད་ལྟ་སྐུལ་བྱས་ཡོད། དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི“གཱ་གཅིག་ཀུན་འཐུས”མ་ལག་བཟོས་ནས་རྫོང་ཆུད་69ལ་བེད་སྤྱོད་བྱས་ཡོད།

    སྤྱི་ཡོངས་ནས་བལྟས་ན། 2023ལོར་ནོར་སྲིད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཞིང་། གཏོང་ཡོང་གི་དམིགས་ཚད་གཙོ་བོར་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་བྱུང་བ་དང་། སྒྱུར་བཅོས་དོ་དམ་གྱི་སྤུས་འབྲས་ཆེ་རུ་སོང་ནས་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་འགན་སྲུང་ཤུགས་ཆེ་བྱས་པ་དང་། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུར་འགན་སྲུང་ཤུགས་ཆེ་བྱས་ཡོད། ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་དམིགས་བསལ་ཐུགས་ཁུར་གནང་བའི་འབྲས་བུ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པར་རོགས་སྐྱོར་གནང་བའི་འབྲས་བུ། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འབད་འབུངས་ཡར་བརྩོན་བྱས་པའི་འབྲས་བུ་བཅས་ཡིན། ནོར་སྲིད་སྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་མཐོང་བ་དང་དུས་མཚུངས་སུ་སྔོན་རྩིས་དོན་འཁྱོལ་དང་ནོར་སྲིད་ལས་ཀའི་ནང་ད་དུང་དཀའ་ངལ་དང་གནད་དོན་འགའ་ཤས་ལྷག་ཡོད་པ་གཙོ་བོ་ནི་རང་ལྗོངས་ཀྱི་སྔོན་རྩིས་དོ་དམ་གྱི་རྨང་གཞི་ཞན་པ་དང་དེང་རབས་ཀྱི་ནོར་སྲིད་དོ་དམ་ལམ་ལུགས་འཛུགས་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན། སྡེ་ཚན་ཁ་ཤས་ཀྱིས་འཚོ་བ་སྐྱེལ་མཁས་པོ་བྱེད་པའི་བསམ་བློ་བརྟན་པོ་བཙུགས་མེད་ལ། དངུལ་ཕངས་མེད་ཀྱིས་ལག་ཤོགས་ཆེན་པོ་བྱེད་པ་དང་མ་དངུལ་གྱིས་རྣམ་གྲངས་སྒུག་པའི་སྣང་ཚུལ་སྔར་བཞིན་གནས་ཡོད་པའི་ཐོག ནོར་སྲིད་མ་དངུལ་གྱི་ལས་རྗེས་ཐོན་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ནོར་དཔལ་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་བཀག་སྡོམ་ཐེངས་མང་བྱས་ཀྱང་སྔར་བཞིན་ཐོན་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་སོགས་གཙོ་གནད་ལྷུ་ཚིགས་ལ་དོ་དམ་བྱ་རྒྱུར་ད་དུང་ཤུགས་རྒྱག་དགོས་ཀྱི་ཡོད། ང་ཚོས་གནད་དོན་དེ་དག་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བྱ་ཐབས་ཧུར་ཐག་སྤྱད་ནས་ཐག་གཅོད་བྱ་རྒྱུ་ཡིན།

    གཉིས། 2024ལོའི་སྔོན་རྩིས་འཆར་ཟིན།

    2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་སྤེལ་གཏོང་བའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན་པས། སྔོན་རྩིས་བཟོ་འགོད་དང་ནོར་སྲིད་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་ཆེན་པོ་ལྡན་ཡོད། སྔོན་རྩིས་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་དང་། 《2024ལོའི་ཀྲུང་དབྱང་གི་སྔོན་རྩིས་དང་ས་གནས་ཀྱི་སྔོན་རྩིས་བཟོ་འགོད་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྡ་ཐོ》སོགས་ཀྱི་བླང་བྱ་གཞིར་བཟུང་། གཏན་འབེབས་ཀྱི་གོ་རིམ་ལྟར་ཕྱོགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་རྗེས། 2024ལོའི་སྔོན་རྩིས་ཀྱི་འཆར་ཟིན་བཟོ་འགོད་བྱ་རྒྱུ་ཡིན།

    (གཅིག)2024ལོའི་ནོར་སྲིད་གཏོང་ཡོང་གི་གནས་བབ་དབྱེ་ཞིབ།

    ནོར་སྲིད་ཡོང་འབབ་ཀྱི་ཕྱོགས་ནས་བལྟས་ན། ལྗོངས་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་ཡག་ཏུ་འགྲོ་རྒྱུ་ཡིན་པས་ནོར་སྲིད་ཡོང་འབབ་འཕར་སྣོན་རྒྱུན་འཁྱོངས་ཐུབ་རྒྱུར་རྨང་གཞི་བཏིང་ཡོད་མོད། འོན་ཀྱང་ནོར་སྲིད་ཀྱི་ཡོང་འབབ་གཙོ་བོ་མ་འཇོག་གི་སྐུལ་ཁྲིད་ལ་བརྟེན་དགོས་པ་དང་། ཐེངས་གཅིག་རང་གི་ཡོང་སྒོའི་རྒྱུ་རྐྱེན་ཅུང་མང་བས་ངེས་མེད་རང་བཞིན་ཅུང་ཆེན་པོ་ཡོད། ནོར་སྲིད་གཏོང་སྒོའི་ཕྱོགས་ནས་བལྟས་ན། བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་མཚམས་སྟོབས་ལྡན་སོགས་གཙོ་གནད་ཁྱབ་ཁོངས་སུ་མ་དངུལ་འཇོག་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས་པ་དང་། ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་དང་། གལ་ཆེའི་རྣམ་གྲངས་ལག་བསྟར་བྱ་རྒྱུ། གཞི་རིམ་གྱི“འགན་ལེན་གསུམ”གྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཐད་རྒྱབ་སྐྱོར་བྱེད་དགོས་ལ། སྒྱུར་སྤྲོད་བྱེད་པར་ཡང་དགོས་ངེས་ཀྱི་ཤུགས་ཚད་རྒྱུན་འཁྱོངས་བྱེད་དགོས་ཀྱི་ཡོད། སྤྱི་ཡོངས་ཀྱི་ཕྱོགས་ནས་བལྟས་ན། 2024ལོའི་ནོར་སྲིད་གཏོང་ཡོང་གི་འགལ་བ་སྔར་བཞིན་མངོན་གསལ་དོད་པོ་ཡིན་པ་དང་། གཏོང་ཡོང་གི་གནས་བབ་སྔར་བཞིན་དོ་མཉམ་ཐུབ་ཙམ་དུ་གནས་རྒྱུ་ཡིན་པས། ངེས་པར་དུ་བསམ་བློ་དང་ལས་ཀའི་ཐད་ནས་གྲ་སྒྲིག་ཡག་པོ་བྱེད་དགོས་ཀྱི་ཡོད།

    (གཉིས)2024ལོའི་སྔོན་རྩིས་བཟོ་འགོད་ཀྱི་མཛུབ་ཁྲིད་བསམ་བློ་དང་གཞི་རྩའི་རྩ་དོན།

    2024ལོའི་སྔོན་རྩིས་བཟོ་འགོད་ཀྱི་མཛུབ་ཁྲིད་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུའི་ཐོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བཟུང་ནས་རྒྱུན་འཁྱོངས་བྱས་ཏེ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། གོང་འཕེལ་གྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་བ། “མངོན་པ་གསུམ་དང་ཕན་ཡོད་གཅིག”གི་སྤྱིའི་བླང་བྱ་རྒྱུན་འཁྱོངས་བྱས་ཏེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཅིག་གྱུར་འཆར་འགོད་བྱེད་པ། རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་བསྒྱུར་བ་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་པ། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལ་འོས་འཚམ་ཤུགས་སྣོན་དང་སྤུས་འབྲས་གཉིས་འདེགས་བྱེད་པ། གྲུབ་ཆའི་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་སྐྱེལ་མཁས་པོ་མཐའ་འཁྱོངས་བྱེད་པ། ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་ཤུགས་ཆེ་བྱེད་པ། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོ་སྲུང་བ། ས་གནས་སྲིད་གཞུང་གི་བུ་ལོན་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ནོར་དཔལ་སྒྲིག་ཁྲིམས་ནན་དུ་གཏོང་བ། ནོར་སྲིད་མ་དངུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་ངང་འཕར་སྣོན་ཡོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། དམངས་འཚོའི་བདེ་རྩ་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་ཡོང་རྒྱུ་རྒྱུན་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གང་མགྱོགས་བྱེད་དགོས་པ་དེ་ཡིན།

    གོང་གསལ་གྱི་མཛུབ་ཁྲིད་བསམ་བློ་གཞིར་བཟུང་། སྔོན་རྩིས་བཟོ་འགོད་བྱེད་པར་གཤམ་གསལ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་སྟེ།

    གཅིག་ནི་ཡོང་འབབ་སྔོན་རྩིས་དངོས་ཐོག་བདེན་འཚོལ་བྱ་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཆུ་ཚད་དང་འཚམ་པ་དང་། ཁྲལ་རིན་སྲིད་ཇུས་དང་སྦྲེལ་མཐུད་ཐུབ་པ་བྱས་ཏེ་ཡོང་འབབ་དོ་དམ་ཚན་རིག་དང་མཐུན་པར་ཤུགས་རྒྱག་རྒྱུ། གཉིས་ནི་གཏོང་སྒོའི་སྔོན་རྩིས་ཐད་གཙོ་གནད་འབུར་ཐོན་བྱ་རྒྱུ། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་ཤུགས་ཆེན་བྱས་ཏེ་ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་སྐྱེལ་མཁས་པོ་བྱ་རྒྱུ་འགྱུར་བ་མི་གཏོང་བར་རྒྱུན་འཁྱོངས་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་ལྷུ་ཚིགས་ཞན་སར་འཕར་གཟིགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནོར་སྲིད་ཐོན་ཁུངས་བགོ་སྒྲིག་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུ། གསུམ་ནི་ནོར་སྲིད་ཀྱི་ཉེན་ཁ་ཆུང་དུ་གཏོང་རྒྱུ། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་འགན་སྲུང་མཐའ་འཁྱོངས་ཀྱིས་བློ་ཐག་རྦད་ཆོད་ཀྱི་རྣམ་འགྱུར་དང་གོང་འཕེལ་འགྲོ་བའི་མིག་རྒྱང་གི་ཐོག་ནས་བུ་ལོན་གྱི་ཉེན་ཁ་འགོག་སེལ་ཧུར་ཐག་བྱེད་པ་དང་། ལོ་འཁོར་བརྒལ་བའི་སྔོན་རྩིས་དོ་མཉམ་ལམ་སྲོལ་དང་ནོར་སྲིད་དངུལ་རྩ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ཡག་པོ་སྤྱད་དེ་ནོར་སྲིད་རྒྱུན་མཐུད་ཐུབ་ཤུགས་ཆེ་རུ་གཏོང་རྒྱུ། བཞི་ནི་མ་དངུལ་དོ་དམ་བྱས་ནས་བྱས་འབྲས་འབུར་དུ་ཐོན་པ་བྱ་རྒྱུ། སྔོན་རྩིས་དང་བྱས་འབྲས་གཞི་གཅིག་ཏུ་གྱུར་བ་བྱས་ཏེ་བྱས་འབྲས་དོ་དམ་གྱི་སྐུལ་ལྕག་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མ་དངུལ་གྱི་ཕན་འབྲས་དང་། ལག་བསྟར་དུས་རིམ། སྔོན་རྩིས་བཀོད་སྒྲིག་བཅས་འབྲེལ་མཐུད་བྱེད་ལམ་ཆ་ཚང་པོ་བཟོས་ནས་མ་དངུལ་བེད་སྤྱད་པའི་ཕན་འབྲས་ཆེ་རུ་གཏོང་རྒྱུ་བཅས་རེད།

    (གསུམ)2024ལོའི་སྔོན་རྩིས་ཀྱི་ཡོང་འབབ་ཚོད་རྩིས་དང་གཏོང་སྒོ་བཀོད་སྒྲིག

    1.སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་228.2ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་21%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1953.8དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་29 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བེད་སྤྱད་པ་སྒོར་དུང་ཕྱུར་603.5 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་1.5 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་342.1བཅས་བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་3158.1ཡིན། སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་3158.1ཡིན་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    ལྗོངས་རིམ་པ་དེ་གའི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་32ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་14.3%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1953.8དང་། སྤྱིར་བཏང་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་29 སྔོན་རྩིས་བརྟན་སྙོམས་ཐེབས་རྩ་བེད་སྤྱད་པ་སྒོར་དུང་ཕྱུར་215 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་0.5 གོང་འཇལ་ཡོང་འབབ་སྒོར་དུང་ཕྱུར་11.6 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་75.4བཅས་བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་2317.3ཡིན། སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་2317.3ཡིན་ཞིང་། དེའི་ནང་ལྗོངས་རིམ་པ་དེ་གའི་གཏོང་སྒོ་སྒོར་དུང་ཕྱུར་1042.5དང་། གྲ་སྒྲིག་དངུལ་སྒོར་དུང་ཕྱུར་20 གོང་འཇལ་གཏོང་སྒོ་སྒོར་དུང་ཕྱུར་6.7 ས་གནས་གྲོང་ཁྱེར་ལ་ཁ་གསབ་སྤྲད་པ་སྒོར་དུང་ཕྱུར་1248.1བཅས་ཚུད་ཡོད་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    2.སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་30.7ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་5.8%ཆག་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་9.4དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་14 སྒྱུར་འཇུག་མ་དངུལ་སྒོར་དུང་ཕྱུར་0.8 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་41.8བཅས་བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་96.7ཡིན། སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་96.7ཡིན་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    ལྗོངས་རིམ་པ་དེ་གའི་སྲིད་གཞུང་རང་བཞིན་གྱི་ཐེབས་རྩའི་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་3.9ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་55.2%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་9.4དང་། ཆེད་དམིགས་བུ་ལོན་གྱི་ཡོང་འབབ་སྒོར་དུང་ཕྱུར་14 ལོ་གོང་མའི་འཕྲོས་སྒྱུར་སྒོར་དུང་ཕྱུར་4.1བཅས་བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་31.4ཡིན་པས། སྔོན་རྩིས་གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་ 31.4ཡིན་ཞིང་། དེའི་ནང་རིམ་པ་དེ་གའི་གཏོང་སྒོ་སྒོར་དུང་ཕྱུར་25.2དང་ས་གནས་གྲོང་ཁྱེར་ལ་གསབ་དངུལ་སྒོར་དུང་ཕྱུར་6.2ཚུད་ཡོད་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    3.གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་གཞུང་ཁོངས་མ་རྩ་གཉེར་སྐྱོང་གི་སྔོན་རྩིས་ས་གནས་ཡོང་འབབ་སྒོར་དུང་ཕྱུར་5.1ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་28.1%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་དང་ལོ་གོང་མའི་འཕྲོས་སྒྱུར་བྱས་གྲངས་སྒོར་དུང་ཕྱུར་3.8བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་8.9ཡིན། ལྗོངས་ཡོངས་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་7.4ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་31.2%འཕར་ཡོད། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་1.5བསྣན་ན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་8.9ཡིན་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    ལྗོངས་རིམ་པ་དེ་གའི་གཞུང་ཁོངས་མ་རྩ་གཉེར་སྐྱོང་སྔོན་རྩིས་ཀྱི་ས་གནས་ཡོང་འབབ་སྒོར་དུང་ཕྱུར་1.6ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་4%འཕར་ཡོད། དེའི་ཐོག་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་ལོ་གོང་མའི་འཕྲོས་སྒྱུར་བྱས་པ་སྒོར་དུང་ཕྱུར་1.9བསྣན་ན། ཡོང་འབབ་སྤྱི་འབོར་སྒོར་དུང་ཕྱུར་3.5ཡིན། ལྗོངས་རིམ་པ་དེ་གའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་3ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་22.9%འཕར་ཡོད། དེའི་ཐོག་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་སྒྱུར་འཇུག་བྱས་པ་སྒོར་དུང་ཕྱུར་0.5བསྣན་ན། གཏོང་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་3.5ཡིན་པས། གཏོང་ཡོང་དོ་སྙོམས་བྱུང་ཡོད།

    4.སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས།

    ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་337.61ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་20.78%འཕར་ཡོད། དེའི་ནང་འགན་བཅོལ་བྱས་གྲོན་གྱི་ཡོང་འབབ་སྒོར་དུང་ཕྱུར་277.25དང་། ནོར་སྲིད་ཀྱི་ཁ་གསབ་དང་སྐྱེད་ཀ་སོགས་ཡོང་འབབ་གཞན་དག་སྒོར་དུང་ཕྱུར་60.36ཚུད་ཡོད། ལྗོངས་ཡོངས་ཀྱི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་257.33ཡིན་པ་དེ། ལོ་གོང་མའི་སྔོན་རྩིས་གྲངས་དང་བསྡུར་ན་8.98%འཕར་ཡོད། ལོ་དེའི་གཏོང་ཡོང་འཕྲོས་ལྷག་སྒོར་དུང་ཕྱུར་80.28ཡིན་པ་དང་ལོ་མཇུག་གི་རིམ་གསོག་འཕྲོས་ལྷག་སྒོར་དུང་ཕྱུར་722.19ཟིན་རྒྱུ་རེད།

    གསལ་བཤད་བྱེད་དགོས་པའི་དོན་གནད་ནི། སྔོན་རྩིས་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། སྔོན་རྩིས་ཀྱི་ལོ་འཁོར་འགོ་ཚུགས་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་སྔོན་རྩིས་འཆར་ཟིན་ལ་ཆོག་མཆན་མ་གནང་གོང་ངེས་པར་དུ་གཏོང་སྤྲོད་བྱེད་དགོས་པའི་མི་སྣ་དང་གཞི་རྩའི་འཁོར་སྐྱོད་སོགས་ཐད་ཀྱི་གཏོང་སྒོ་དང་ས་གནས་གྲོང་ཁྱེར་ལ་སྤོ་སྒྱུར་གཏོང་སྤྲོད་བྱ་རྒྱུ་སྔ་སྣུར་དུ་བཀོད་སྒྲིག་བྱས་ཡོད།

    (བཞི)2024ལོར་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་གཙོ་གནད།

    “དོན་ཆེན་བཞིར”དམིགས་ཤིང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ནས་གཤམ་གསལ་ཁྱབ་ཁོངས་ཀྱི་ལས་དོན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུ།

    1.མི་སེམས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་སྒོ་གཏིང་ཟབ་ཏུ་བཏང་སྟེ། “ལས་གྲྭ་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”ལག་བསྟར་གཏིང་ཟབ་བྱེད་པར་རྒྱབ་སྐྱོར་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་དང་ཁྱབ་གདལ་བེད་སྤྱོད་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ། 《ཀྲུང་ཧྭ་མི་རིགས་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཁྲོད་ཀྱི་བོད་ལྗོངས་བམ་པོའི》ལོ་རྒྱུས་དཔྱད་ཡིག་ཕྱོགས་བསྒྲིགས་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། “འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་རྒྱུ། ཉེན་མེད་ཐོན་སྐྱེད་དང་། གནོད་འཚེའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལེབ་བཤེར་བཅོས་སྒྲིག བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་སོགས་བྱེད་པའི་ཐད་འགྲོ་གྲོན་གཏོང་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་རྒྱུ། དུས་རབས་གསར་པའི“ཧྥོང་ཆའོ་ཡི་ཉམས་མྱོང”དང“ཕུའུ་ཅང་གི་ཉམས་མྱོང”མཐའ་འཁྱོངས་དང་གོང་འཕེལ་བཏང་ནས་འགལ་བ་དང་རྩོད་གཞི་ལེབ་བཤེར་འདུམ་སྒྲིག་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་བྱ་རྒྱུ་བཅས་རེད།

    2.འཕར་སྣོན་བརྟན་པོ་དང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱས་ནས། དཔལ་འབྱོར་དུས་བསྟུན་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    གྲུབ་ཆའི་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུ། ཀྲུང་དབྱང་གིས་དབང་ཆ་སྤྲད་པའི་ཁྱབ་ཁོངས་ནང་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་རྒྱུན་མཐུད་དང་། ལེགས་སྒྱུར། འཐུས་ཚང་བཟོ་བ་བཅས་དོན་འཁྱོལ་ཡག་པོ་བྱས་ཏེ་དཔལ་འབྱོར་གྱི་ནང་སྐྱེད་སྒུལ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། ཁྲལ་རིན་གྱི་གཟིགས་སྐྱོང་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་གཉེར་སྐྱོང་བྱེད་པོས་ཁྲིམས་ལྟར་འཇལ་དགོས་རིགས་ཆ་ཚང་འཇལ་བ་དང་ལོངས་སུ་སྤྱོད་དགོས་རིགས་ཆ་ཚང་སྤྱོད་ཐུབ་པ་བྱ་རྒྱུ། ཁྲལ་མིན་ཡོང་འབབ་ལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གླ་རིན་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་གཅོད་པ། ཆ་གསེས་གང་བྱུང་འགེལ་བ་བཅས་ཀྱི་རིགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་ཡོང་འབབ་ཀྱི་སྤུས་ཚད་ལེགས་སུ་གཏོང་རྒྱུ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། གལ་ཆེའི་རྣམ་གྲངས་འགན་གཙང་ལེན་པའི་ལམ་སྲོལ་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས་ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུ་སོགས་ཀྱི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གང་མགྱོགས་གཏོང་རྒྱུ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཆ་ཚང་ལ་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ། གལ་ཆེའི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་འདེགས་སྐྱོར་བྱ་རྒྱུ། ནུས་ལྡན་གྱི་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཀྱི་མ་རྩ་གང་མང་འགུག་ཐབས་བྱེད་པའི་ཐད་སྲིད་གཞུང་བུན་ལོར་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་42བཀོད་སྒྲིག་བྱས་ཏེ། ལྷ་སའི་གནའ་གྲོང་སྲུང་སྐྱོབ་དང་གྲོང་ཁུལ་རྙིང་པ་བསྒྱུར་བཀོད་དང་། འགྲམ་འགག་སྒོ་སླར་གསོ་བསྐྱར་སྐྲུན་དང་སྐྱིད་གྲོང་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ། གཞིས་རྩེའི་སྐམ་སའི་གྲུ་ཁ་སོགས་སྒོ་དབྱེའི་ལས་སྟེགས་བཅས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུ། དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་པར་རྒྱབ་སྐྱོར་བྱ་རྒྱུ། སྒོར་དུང་ཕྱུར་30ཡི་ཐོན་ལས་གོང་འཕེལ་གྱི་མ་དངུལ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་དངུལ་རྩར་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་སོགས་གང་ལེགས་སྤྱད་དེ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆ་ཆེ་བའི་ཐོན་ལས་གོང་འཕེལ་ཤུགས་ཆེ་གཏོང་བ་དང་། ཚོང་གཉེར་གྱི་ཁོར་ཡུག་ལེགས་གཏོང་དང་དངུལ་རྩའི་ཞབས་ཞུ་ལེགས་སྒྱུར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ནུས་རྒྱུ་དྭངས་གཙང་གི་ཐོན་ལས་ཆེད་དམིགས་མ་དངུལ་བཙུགས་ནས་དྭངས་གཙང་ནུས་རྒྱུའི་རྟེན་གཞི་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱས་ཏེ་ཡུལ་སྐོར་གྱི་ལེ་ལག་ཚང་སྒྲིག་གི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་དང་། སྤུས་ལེགས་གནས་ལྗོངས(ས་ཚིགས)བཟོ་བར་རྒྱབ་སྐྱོར་བྱ་རྒྱུ། གསར་དར་བཟོ་ལས་ཅན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། མ་དངུལ་བསྡུ་རྒྱུག་ཁག་ཐེག་གི་བྱ་དགའ་དང་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཁེ་ལས་ཆུང་འབྲིང་ཕྲན་ཚེགས་ཀྱི་མ་དངུལ་བསྡུ་རྒྱུག་དཀའ་བའི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ། ཁེ་ལས་ཁྲོམ་འགྲེམས་ཀྱི“སྐལ་བཟང་མེ་ཏོག་བྱ་སྤྱོད”འཆར་གཞིའི་ཁ་གསབ་བྱ་དགའ་ལག་བསྟར་བྱ་རྒྱུ། ནོར་སྲིད་ནས་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གཙོ་གནད་ཚོད་ལྟ་ཁང་དང་གལ་ཆེའི་གསར་གཏོད་ལས་སྟེགས་འཛུགས་རྒྱུར་རྒྱབ་སྐྱོར་དང་། དྭངས་གཙང་ནུས་རྒྱུ་དང་། ས་མཐོའི་ཁྱད་ལྡན་གྱི་ཡང་བའི་བཟོ་ལས། ཁྱད་ལྡན་ཞིང་འབྲོག་སོགས་ཀྱི་ལག་རྩལ་འགག་སྒྲོལ་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། འཛད་སྤྱོད་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་1བཀོད་སྒྲིག་བྱས་ཏེ། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས། འཛིན་ཆས་བཅས་གཤམ་ཚོང་བྱེད་སྒོ་སྤེལ་བ་དང་། ནུས་ཁུངས་གསར་པའི་རླངས་འཁོར་དང་གློག་རྡུལ་ཐོན་རྫས་འཛད་སྤྱོད་བྱེད་པར་སྐུལ་ལྕག་གཏོང་བ། གསར་རྙིང་བརྗེ་བའི་ཁ་གསབ་སྲིད་ཇུས་ལེགས་སུ་གཏོང་བ། མཚན་མོའི་དཔལ་འབྱོར་གྱི་ཁྱད་ལྡན་འཛད་སྤྱོད་ཁྲོམ་གཞུང་གཉེར་བ་དང་། “ཀྲུང་ཧྭའི་ཟས་ཞིམ་བོད་ཀྱི་བྲོ་ལྡན”ཟས་ཞིམ་ཁྲོམ་གཞུང་གི་གྲགས་རྟགས་སྟོབས་ཆེར་གཏོང་བ་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ། གྲོང་གསེབ་ཀྱི་གློག་རྡུལ་ཚོང་ལས་གོང་འཕེལ་ལ་སྐུལ་འདེད་བཏང་ནས་མཁོ་ཚོང་ཚོགས་པའི་མ་རྩའི་དངུལ་སྣོན་འཇུག་ཡག་པོ་བྱ་རྒྱུ། གྲོང་གསེབ་དར་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། “སྟོང་ཁྲིའི་ལས་གཞིའི”ཉམས་མྱོང་སློབ་སྦྱོང་བེད་སྤྱོད་བྱས་ཏེ“གྲོང་ཚོ་སྟོང་གི་དཔེ་སྟོན”དང་ཞིང་འབྲོག་མང་ཚོགས་ཀྱི་དར་སྲོལ་གསར་པ་འཛུགས་པ་སོགས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ། གྲོང་གསེབ་དར་རྒྱས་གཏོང་བར་འབྲེལ་མཐུད་སྐུལ་འདེད་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་114.1བཀོད་སྒྲིག་བྱས་ཏེ་ཞིང་འབྲེལ་ཞིང་ཁྲིད་ཞིང་ཕྱུག་གི་ཐོན་ལས་གོང་འཕེལ་གཏོང་བར་སྔོན་ལ་རྒྱབ་སྐྱོར་བྱས་ནས་དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་རང་སྟོབས་འཕེལ་ནུས་ཇེ་ཆེར་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་60.1བཀོད་སྒྲིག་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དང་། ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་དང་འབྲུ་རིགས་འདེབས་མཁན་ཞིང་པར་ཁ་གསབ་སྤྲོད་པ་སོགས་ཀྱི་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བར་རྒྱབ་སྐྱོར་ཤུགས་ཆེ་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་7.1བཀོད་སྒྲིག་བྱས་ནས་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་འགོག་བཅོས་དང་། གྲོང་གསེབ་ཀྱི་ཉེན་མེད་འཐུང་ཆུའི་ལས་གྲྭ་ཉམས་གསོ་དང་བདག་སྐྱོང་། ཆུ་མཛོད་ཆུང་གྲས་འཛུགས་སྐྲུན། ཞིང་ཆུ་འདྲེན་ཁུལ་འབྲིང་གྲས་འཛུགས་སྐྲུན་དང་ཆུ་བསྲི་བསྒྱུར་བཀོད་སོགས་ཐད་ལ་རྒྱབ་སྐྱོར་བྱ་རྒྱུ། ཞིང་ལས་འགན་བཅོལ་གྱི་རིན་དངུལ་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ། གྲོང་གསེབ་ཀྱི་མིའི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་བྱས་ཏེ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་དང་། གྲོང་ཚོ་ཧྲིལ་པོར་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”བྱེད་པར་སྐུལ་འདེད་གཏོང་རྒྱུ། གྲོང་ཚོ་རིམ་པའི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཐོག ལྟེ་གནས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་གོ་གནས་རྒན་པ་དང་གཞོན་པའི་ཐོབ་ཐང་གི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་37257དང་སྒོར་26080ནས་སྒོར་40060དང་སྒོར་32048བར་མཐོ་རུ་གཏོང་རྒྱུ་དང་། མཐའ་མཚམས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་འགོ་ཁྲིད་གོ་གནས་རྒན་པ་དང་གཞོན་པའི་ཐོབ་ཐང་གི་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་40983དང་སྒོར་28688ནས་སྒོར་44066དང་སྒོར་35253བར་མཐོ་རུ་གཏོང་རྒྱུ། “རྒན་གྲས་གསུམ”མི་སྣའི་ཁྲོད་ཀྱི་ཏང་ཡོན་མིན་པའི་མང་ཚོགས་ཀྱི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་བཏང་ནས་ཏང་ཡོན་དང་གཅིག་མཚུངས་བཟོ་རྒྱུ་མ་ཟད། ཟླ་རེར་མི་རེར་སྒོར་50མཐོ་རུ་གཏོང་རྒྱུ།

    3.བཅོས་སྐྱོང་དམ་འཛིན་གྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ།

    མ་དངུལ་སྒོར་དུང་ཕྱུར་74.8བཀོད་སྒྲིག་བྱས་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སླར་གསོ་དང་མ་ལག་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་དང་། ཆུ་བོ་དང་གཙང་པོ་གལ་ཆེའི་ཆུ་འགོ་དང་གནད་ཆེའི་འབབ་རྒྱུད་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་གོང་དཀར་གནམ་ཐང་དུམ་བུ་དང་ལྷ་ས་སྐྱིད་ཆུའི་ཆུ་ཤུར་དུམ་བུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་མ་དངུལ་སྒོར་དུང་ཕྱུར་20བཀོད་སྒྲིག་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་ནས་ལྷོ་རི་བྱང་རི་སྔོ་སྒྱུར་བྱེད་པར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་1.65བཀོད་སྒྲིག་བྱས་ནས་ལྷ་སའི་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ས་གཤིས་གནོད་འཚེ་ཕྱོགས་བསྡུས་བཅོས་སྐྱོང་དང་ལོ་རྒྱུས་ཐོག་ནས་ལུས་པའི་གཏེར་ཁའི་སྐྱེ་ཁམས་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ནས་འཁྱགས་མཚེའུ་ཡི་གནོད་འཚེར་ལྟ་དཔྱད་བྱས་ཏེ་སྔོན་བརྡ་གཏོང་རྒྱུ། ཁོར་ཡུག་སྦགས་བཙོག་འགོག་བཅོས་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གནམ་སྔོན་ཆུ་དྭངས་ས་གཙང་བཅས་སྲུང་སྐྱོབ་བྱེད་པའི་དམག་འཐབ་མུ་མཐུད་ཡག་པོ་རྒྱག་རྒྱུ། མ་དངུལ་སྒོར་དུང་ཕྱུར་15.4བཀོད་སྒྲིག་བྱས་ནས་སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་དོན་འཁྱོལ་བྱ་རྒྱུ། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ལ་སྒོར་དུང་ཕྱུར་35.8སྒྱུར་སྤྲོད་བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། དམངས་འཚོ་ལེགས་བཅོས། རྫོང་ཁོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་སྙོམས་མཚུངས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ། ནགས་ཚལ་འགན་བཅོལ་གྱི་ཚོད་ལྟ་སྤེལ་རྒྱུ།

    4.མཐའ་མཚམས་དར་རྒྱས་སྲ་བརྟན་གཏོང་བར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ།

    མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་དང་། མཐའ་མཚམས་འཐབ་ས་དང་པོའི་གྲོང་ཚོ་དང་མཐའ་མཚམས་གྲོང་ཚོའི་ཡུལ་མིའི་ཁ་གསབ་ཚད་གཞི་དེ་ཁག་སོ་སོར་ལོ་རེར་མི་རེར་ཆ་སྙོམས་སྒོར་12800དང་སྒོར་6300ནས་སྒོར་13800དང་སྒོར་6800བར་མཐོ་རུ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་8བཀོད་སྒྲིག་བྱས་ནས་མུ་མཐུད་ཉིང་ཁྲིའི་བསྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

    5.བྱ་བ་དངོས་བསྒྲུབས་ནས་དམངས་འཚོར་ཕན་པ་འདོགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་རྒྱུན་ཆད་མེད་པར་བྱ་རྒྱུ།

    སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་བའི་ནང་མི་དམངས་ཀྱི་བདེ་རྩ་རྒྱུན་མཐུད་ནས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་དང་། དམངས་འཚོའི་ལས་གཞི་ཆེན་པོ་བཅུ་ལག་བསྟར་གཏིང་ཟབ་བྱས་ཏེ་དམངས་འཚོའི་མཐའ་ཚད་གནད་འཁེལ་སྲ་བརྟན་བཟུང་ཐུབ་པ་བྱ་རྒྱུ། ཀྲུང་དབྱང་གི་སྒྱུར་སྤྲོད་དང་ས་གནས་ཀྱི་ནོར་ཤུགས་གཅིག་གྱུར་འཆར་འགོད་བྱས་ཐོག མ་དངུལ་སྒོར་དུང་ཕྱུར་121.4བཀོད་སྒྲིག་བྱས་ནས་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་བྱ་བ་དངོས་21ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ལས་ཞུགས་སྤུས་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ། ལས་ཞུགས་སྔོན་བཟུང་གི་ཁྲིད་ཕྱོགས་སྔར་བས་འབུར་དུ་བཏོན་ནས། ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་34.7བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་19%འཕར་རྒྱུ། སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་དང་། ལས་རིགས་སྦྱོང་བརྡར་གྱི་ཁ་གསབ། ལས་གཏོད་ཁག་ཐེག་གི་སྐྱེད་སྦྱར་དངུལ་བུན་སོགས་ཀྱི་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ནས་ལས་ཞུགས་དང་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་ལེགས་སྒྱུར་བྱ་རྒྱུ། མཐོ་སློབ་ཐོན་པའི་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་སྤེལ་གཏོང་བའི་འཆར་གཞི་དང་གཞི་རིམ་ནས་འཚར་ལོངས་བྱེད་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལས་ཞུགས་ཐབས་ལམ་ཕྱོགས་ཡོངས་ནས་རྒྱ་ཆེར་གཏོང་བ་དང་། ལས་ཞུགས་དཀའ་ངལ་ཅན་གྱི་མི་སྣ་དང་། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ། ཞིང་འབྲོག་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་སྔར་བས་ལེགས་པར་བསྒྲུབས་ནས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་གཏོང་རྒྱུ། ལས་ཤོར་འགན་བཅོལ་གྱི་རིན་དངུལ་བསྡུར་ཚད་དང་ལས་རྨས་འགན་བཅོལ་གྱི་རིན་དངུལ་དུས་མཚམས་རང་བཞིན་གྱིས་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུ། ཞིང་འབྲོག་པར་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་གཞན་སྒྱུར་དང་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ། སློབ་གསོ་དེ་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱིས་སྔོན་ལ་གོང་འཕེལ་གཏོང་བའི་གནས་བབ་ཏུ་བཞག་ནས། “ནོར་སྲིད་ཀྱི་དོན་གཅོད་དབང་ཆ་ཁ་གསལ་དང་། གཏོང་སྒོའི་འགན་འཁྲི་དབྱེ་གསལ། ནོར་སྲིད་རིམ་བགོས་འགན་འཁུར”བཅས་ཀྱི་སློབ་གསོའི་འགྲོ་གྲོན་དོ་དམ་ལམ་སྲོལ་འཛུགས་རྒྱུ་དང་། སློབ་གསོར་མ་དངུལ་སྒོར་དུང་ཕྱུར་306བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་8.4%འཕར་རྒྱུ། ལོ་15ཡི་གཞུང་གྲོན་སློབ་གསོའི་སྲིད་ཇུས་དོན་འཁྱོལ་ལེགས་པར་བྱས་ཏེ་སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་ཚད་གཞི་དེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་90མཐོ་རུ་གཏོང་རྒྱུ། སློབ་ན་མ་སོན་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་སྤུས་ལེགས་བདེ་འཇགས་ངང་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་དང་། འགན་བབས་སློབ་གསོ་སྤུས་ལེགས་དོ་མཉམ་ངང་གོང་འཕེལ་དང་གྲོང་ཁྱེར་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ། ལས་རིགས་སློབ་གསོ་གཞན་སྒྱུར་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་དང་མཐོ་རིམ་སློབ་གསོ་ནང་སྐྱེད་གོང་འཕེལ་གཏོང་རྒྱུ། དུས་རབས་གསར་པའི་རྨང་གཞིའི་སློབ་གསོ་རྒྱ་སྐྱེད་ལེགས་སྒྱུར་དང་། སྤུས་ཚད་མཐོར་འདེགས་ཀྱི་བྱ་སྤྱོད་འཆར་གཞི། ལས་རིགས་སློབ་གསོ་སྤུས་འདེགས་ལེགས་སྐྱོང་བྱ་སྤྱོད་དང་། དབུས་ནུབ་ཁུལ་གྱི་མཐོ་རིམ་སློབ་གསོ་དར་རྒྱས་འཆར་གཞི་བཅས་ལག་བསྟར་ཤུགས་ཆེ་བྱུ་རྒྱུ། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁྲིད་སློབ་དཔྱོད་མཉམ་ལས་གཏིང་ཟབ་བྱེད་པ། བོད་ལྗོངས་མི་རིགས་སློབ་ཆེན་གྱི་རིག་ཚན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་ལྗོངས་ཀྱི་ཁྲེང་ཏུའི་སློབ་གྲྭ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་བསྡུ་གྲངས་མང་དུ་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གཏིང་ཟབ་སྤེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། འཕྲོད་བསྟེན་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་རྒྱུ། “དམིགས་ས་ལྔའི”བླང་བྱ་དོན་འཁྱོལ་བྱེད་པ་དང་འཕྲོད་བསྟེན་བདེ་ཐང་གི“བྱ་སྤྱོད་ཁག་བརྒྱད”སྤེལ་ཏེ། བདེ་ཐང་བོད་ལྗོངས་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་། སྨན་བཅོས་འཕྲོད་བསྟེན་ཐད་མ་དངུལ་སྒོར་དུང་ཕྱུར་23.4བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་10.7%འཕར་རྒྱུ། ལྗོངས་ཡོངས་ཀྱི་སྨན་བཅོས་མ་ལག་གང་མགྱོགས་འཛུགས་སྐྱོང་དང་། “1+7+13”ཅན་གྱི་སྨན་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་མི་སྣའི་སྦྱོང་བརྡར་མཐོར་འདེགས་འཆར་གཞི་ལག་བསྟར་དང“མཉམ་སྦྲེལ་དྲ་རྒྱ་+སྨན་བཅོས་བདེ་ཐང”རྣམ་གྲངས་འཛུགས་སྐྲུན་དང་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་བདེ་ཐང་བརྟག་དཔྱད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་ལ་བབ་བསྟུན་གཙང་བཅོས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། བྱིས་པའི་ལྷན་སྐྱེས་སྙིང་ནད་དང་ཞིང་འབྲོག་པའི་སྐྱ་འགྲིབ་ནད་ཀྱི་རིགས་ས་གནས་དེ་རང་དུ་རིན་མེད་སྐྱོབ་བཅོས་བྱ་རྒྱུ། མང་ཚོགས་ཀྱི་ཟ་མའི་གྲུབ་སྟངས་ལེགས་སྒྱུར་བྱ་རྒྱུ། བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་རྒྱུན་འཛིན་གོང་སྤེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་110ནས་སྒོར་115བར་མཐོ་རུ་གཏོང་རྒྱུ་དང་། ལོ་ན་མཐོ་བའི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་ཚད་གཞི་དེ་ལོ་བརྒྱ་ཡན་གྱི་རྒན་རྒོན་ལ་སྒོར་1500ནས་མི་དམའ་བ་དང་། ལོ་ན་90ནས་99བར་གྱི་རྒན་རྒོན་ལ་སྒོར་1200ནས་མི་དམའ་བ། ལོ་ན་80ནས་89བར་གྱི་རྒན་རྒོན་ལ་སྒོར་1000ནས་མི་དམའ་བའི་ཐོག ཚད་གཞི་དེ་སྒོར་1700དང་། སྒོར་1400 སྒོར་1200བར་མཐོ་རུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་འགན་སྲུང་དྲ་རྒྱ་ཚགས་དམ་པོ་བཟོ་བ་དང་། རིམ་རིགས་དབྱེ་བའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་བཏང་ནས་དམངས་འཚོའི་སྲིད་ཇུས་ཀྱི་ཁྱབ་ཁོངས་དང་ཁ་གསབ་ཚད་གཞི་ལུགས་མཐུན་གཏན་འཁེལ་བཟོ་རྒྱུ་དང་། སྤྱི་ཚོགས་ཀྱི་འགན་བཅོལ་དང་། སྤྱི་ཚོགས་ཀྱི་རོགས་སྐྱོབ། སྤྱི་ཚོགས་ཀྱི་བཀོད་སྒྲིག་སོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་112.5བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་7.2%འཕར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་235ནས་སྒོར་245བར་མཐོ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་ཚད་གཞི་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་675ནས་སྒོར་705བར་མཐོ་རུ་གཏོང་རྒྱུ་དང་། དྭ་ཕྲུག་གི་གཞི་རྩའི་འཚོ་བ་འགན་སྲུང་གི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་10%མཐོ་རུ་གཏོང་རྒྱུ། རྒན་རྒོན་གྱི་ལོ་ན་མཐོ་བའི་ཁ་གསབ་དང་ནུས་ཤོར་ཁ་གསབ་དེ་ལོ་རེར་མི་རེར་ཆ་སྙོམས་སྒོར་600ནས་སྒོར་720བར་མཐོ་རུ་གཏོང་རྒྱུ། དཀའ་ངལ་ཡོད་པ་དང་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ དང་། དབང་སྐྱོན་ཚབས་ཆེའི་མིའི་ནད་སྐྱོང་ཁ་གསབ་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར་100དང་སྒོར་200ནས་སྒོར་120དང་སྒོར་240བར་མཐོ་རུ་གཏོང་རྒྱུ། མང་ཚོགས་ཀྱི་རིག་གནས་ལུས་རྩལ་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ།

    རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཐད་སྐུལ་འདེད་ཤུགས་ཆེན་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་གསར་སྐྲུན་རང་བཞིན་གྱི་དངོས་སྒྱུར་དང་གསར་གཏོད་རང་བཞིན་གྱི་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་རིག་གནས་ཐོན་ལས་དང་རིག་གནས་ཁྲོམ་ར་སྐྱོང་སྤེལ་གྱིས་སྟོབས་ཆེར་གཏོང་རྒྱུ་དང་། རིག་གནས་ལུས་རྩལ་ཁྱབ་ཁོངས་ཀྱི་འབྲེལ་ཡོད་མ་དངུལ་སྒོར་དུང་ཕྱུར་10.9བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་21.5%འཕར་རྒྱུ། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ནས་སྤྱི་པའི་རིག་གནས་སྒྲིག་བཀོད་དང་སྤྱི་པའི་ལུས་རྩལ་སྤེལ་གནས་ཁང་དེ་སྤྱི་ཚོགས་ལ་རིན་མེད་དམ་ཡང་ན་རིན་པ་དམའ་བའི་ཐོག་ནས་སྒོ་མོ་འབྱེད་རྒྱུ་དང་། གསར་སྐྲུན་འགྲེམས་ཁང་གོ་རིམ་ལྡན་པའི་ངང་འགྲེམས་སྟོན་ཐུབ་པ་བྱ་རྒྱུ། རིན་ཆེན་སྤུངས་མཐའ་འཁོར་གྱི་ཁྱད་ལྡན་ཡུལ་སྐོར་གྲོང་ཚོ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ། རིག་དངོས་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། མང་ཚོགས་ཀྱི་ལུས་རྩལ་གོང་འཕེལ་ཤུགས་ཆེན་གཏོང་བ་དང་ལུས་རྩལ་འགྲན་བསྡུར་བྱེད་སྒོ་སྣ་ཚོགས་བདེ་བླག་ངང་སྤེལ་ཐུབ་པའི་འགན་སྲུང་བྱ་རྒྱུ།

    སྡོད་ཁང་འགན་སྲུང་ལས་གྲྭར་སྐུལ་སྤེལ་གཏོང་རྒྱུ། མ་དངུལ་སྒོར་དུང་ཕྱུར་5.5བཀོད་སྒྲིག་བྱས་ནས། སྤྱི་པའི་བོགས་གཏོང་ཁང་པ་དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་ཁང་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁུལ་རྙིང་གོག སྡོད་ཁང་སྐྱོ་ཁུལ(གྲོང་ཁྱེར་གྱི་ཁང་པ་རྙིང་གོག་ཉེན་ཅན) བཅས་བསྐྱར་བཟོ་རྒྱས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། མ་དངུལ་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་རྫོང་གི་དྲོད་རླངས་མཁོ་འདོན་ལས་གཉེར་དང་ས་ཁད་མཐོ་སར་གསོ་རླུང་མཁོ་འདོན་ཚོད་ལྟ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ།

    གསུམ། 2024ལོའི་ནོར་སྲིད་དོ་དམ་སྒྱུར་བཅོས་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་རྒྱུ།

    (གཅིག) འབབ་འཕར་དང་གཏོང་མཁས་ལ་ཤུགས་སྣོན་བརྒྱབ་ནས་སྔོན་རྩིས་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུ།

    ཡོང་འབབ་ཐད། གོང་དུ་ཞུས་ནས་བརྩོན་ལེན་དང་ནང་ཁུལ་གྱི་གཏིང་ཤུགས་ཡག་པོ་བསྔོག་རྒྱུ། ཀྲུང་དབྱང་ནོར་སྲིད་ཀྱིས་སྤོ་སྒྱུར་གཏོང་སྤྲོད་ལེགས་སྒྲིག་བྱེད་པའི་སྲིད་ཇུས་ཀྱི་འཕེལ་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ཏེ་ཀྲུང་དབྱང་ནོར་སྲིད་ནས་རྒྱབ་སྐྱོར་གང་མང་ཐོབ་རྒྱུའི་བརྩོན་ལེན་བྱ་རྒྱུ། གཏེར་ཁ་དང་ས་ཞིང་སོགས་ཐོན་ཁུངས་རིན་ཡོད་བེད་སྤྱོད་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་རིན་དངུལ་བསྡུ་དགོས་རིགས་ཆ་ཚང་བསྡུ་ཐུབ་པ་བྱ་རྒྱུ། བེད་མེད་དུ་ལུས་པའི་རྒྱུ་ནོར་དང་མ་དངུལ་རིགས་མུ་མཐུད་གཏིང་བསྔོག་ཕན་སྒྱུར་བྱས་ནས། འགྲིམ་འགྲུལ་སོགས་ཀྱི་ཁྱབ་ཁོངས་རྣམ་གྲངས་ལས་མཇུག་བསྒྲིལ་རྗེས་མཇུག་རྩིས་བརྒྱབ་ནས་མ་དངུལ་ལྷག་འཕྲོ་རྣམས་གོང་འཇལ་གང་མགྱོགས་ཞུས་ཏེ། ཁེ་འབབ་ཁྲིམས་ལྟར་ལུགས་མཐུན་གྱིས་མང་དུ་གཏོང་རྒྱུ། གཏོང་སྒོའི་ཐད། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་གནང་བའི་ལས་ཀའི་བཀོད་སྒྲིག་ཁག་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུ་མ་ཟད། ཟ་མཁས་འཐུང་མཁས་ཀྱི་བསམ་བློ་རྒྱུན་འཁྱོངས་ཀྱིས། མ་དངུལ་སྤྱོད་འབྲས་ཞན་པ་དང་། སྐོར་གཟིགས་རྩིས་བཤེར་བྱས་ནས་རྩད་གཅོད་ཐུབ་པའི་གནད་དོན་མངོན་གསལ་དོད་པོ་ཡོད་པ། ལོ་བསྟུད་མར་ལག་བསྟར་བྱེད་འགོར་བ་སོགས་ཀྱི་སྤྱིར་བཏང་རྣམ་གྲངས་ཀྱི་གཏོང་སྒོ་གཙོ་གནད་དུ་ཚོད་འཛིན་བྱས་ཏེ་གཏོང་སྒོ་མཁྲེགས་འགྱུར་རིགས་མེད་པ་བཟོ་རྒྱུ།

    (གཉིས) ནོར་སྲིད་ཀྱི་དོ་དམ་ལ་དམ་འཛིན་ནན་པོ་བྱས་ཏེ་མ་དངུལ་བེད་སྤྱོད་ཀྱི་བདེ་འཇགས་རང་བཞིན་དང་ཚད་ལྡན་རང་བཞིན་ཤུགས་ཆེར་ཏན་ཏིག་གཏོང་རྒྱུ།

    གཅིག་ནི་ལྗོངས་ཐད་གཏོགས་ཚན་པའི་ནོར་དོན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། སྔོན་རྩིས་དོ་དམ་དང་། གཏོང་ཡོང་དོ་དམ། སྲིད་གཞུང་གི་ཉོ་སྒྲུབ་དོ་དམ། རྒྱུ་ནོར་དོ་དམ། འཛུགས་སྐྲུན་རྣམ་གྲངས་དོ་དམ། གན་རྒྱ་དོ་དམ་སོགས་ཀྱི་ཐད་ནས་ལས་ཁུངས་ཀྱི་ནོར་དོན་ལ་ནང་ཁུལ་ཚོད་འཛིན་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་རྒྱག་རྒྱུ། ལྗོངས་ཐད་གཏོགས་ཚན་པའི་ནོར་སྲིད་དོ་དམ་ལ་རྒྱུན་གཏན་ནས་ལྟ་སྐུལ་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་བཟོ་རྒྱུ། གཉིས་ནི་གཞི་རིམ་གྱི་ནོར་སྲིད་དང་ནོར་དོན་ལ་དོ་དམ་བྱེད་པར་ཤུགས་རྒྱག་རྒྱུ། ལྗོངས་ནས་རྫོང་ལ་ཐད་ཀར་དོ་དམ་ཚོད་ལྟ་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས་ཚོད་ལྟའི་རྫོང་དུ་ནོར་སྲིད་དོ་དམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་སྟེ་འདྲ་བཟོ་དང་ཁྱབ་གདལ་གཏོང་རུང་བའི་རྫོང་དང་ཤང་གི་ནོར་སྲིད་དོ་དམ་བྱེད་སྟངས་ཤིག་མགྱོགས་མྱུར་ཆགས་པ་བྱ་རྒྱུ། ཚབ་གཉེར་རྩིས་འགོད་ལས་ཁུངས་ཀྱིས་གཞི་རིམ་སྲིད་འཛིན་བྱ་གཞག་སྡེ་ཚན་དུ་ལས་དོན་སྒྲུབ་པའི་ལག་ལེན་བསྟར་འཐུས་རང་བཞིན་འཚོལ་ཞིབ་བྱ་རྒྱུ། “གཱ་གཅིག་ཀུན་འཐུས”ཀྱི་ཆ་འཕྲིན་མ་ལག་བརྒྱུད་དེ་ལམ་སྲོལ་ཐོག་ནས་དམངས་འཚོའི་ཁ་གསབ་ཆད་འགྱངས་བྱས་རིགས་དང་། གྲོང་ཁྱེར་དང་རྫོང་རང་ངོས་ནས་ཚད་གཞི་མཐོ་རུ་བཏང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུ། གསུམ་ནི་ཕྱོགས་གསུམ་པའི་ཚན་པར་དོ་དམ་བྱ་རྒྱུར་ཤུགས་རྒྱག་རྒྱུ། ལྗོངས་ཕྱིའི་གསོན་ཤུགས་ནང་འདྲེན་བྱས་ནས། “མཉམ་སྦྲེལ་དྲ་རྒྱ་+སྲིད་གཞུང་གིས་ཉོ་སྒྲུབ”བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་ས་ཆ་གཞན་དུ་འོས་དཔྱད་བྱེད་པའི་ཁྱབ་ཁོངས་ཆེ་རུ་གཏོང་བ་དང་། ཚབ་གཉེར་ཚན་པ་དང་འོས་དཔྱད་ཆེད་ལས་མཁས་པས་སྐོར་རུབ་བྱེད་པའི་ཉེན་ཁ་ཆུང་དུ་གཏོང་རྒྱུ། ལྗོངས་ནང་ཁུལ་གྱི་གསོན་ཤུགས་སྐུལ་སློང་བྱས་ནས་ལྗོངས་ནང་ཁུལ་གྱི་མཚམས་སྦྱོར་ལས་ཁུངས་ཀྱི་ལས་གཉེར་ལ་ལྟ་སྐུལ་བྱེད་པར་ཤུགས་སྣོན་རྒྱག་པ་དང་། བསླབ་སྡོམ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རིགས་ཀྱི་དར་སྲོལ་གཙང་མ་བཟོ་རྒྱུ། མཐའ་ཚད་ཀྱི་བླང་བྱ་བཙན་པོ་བཟོས་ཏེ་ཀ་པ་ཁ་པ་ཕྱོགས་གཉིས་ཀའི་འགན་འཁྲིར་དངོས་འབྲེལ་གྱི་གཅུན་ནུས་ལྡན་པའི་ཚད་ལྡན་གན་རྒྱ་དང་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་བཟོ་བའི་ཚོད་ལྟ་བྱས་ནས་ཁེ་བཟང་སྤྲོད་རེས་བྱེད་རིགས་སྔོན་འགོག་བྱ་རྒྱུ་བཅས་རེད།

    (གསུམ) ནོར་སྲིད་སྒྱུར་བཅོས་གཏིང་ཟབ་བྱས་ནས་ནོར་སྲིད་དོ་དམ་གྱི་ཕན་ནུས་ཆེ་རུ་གཏོང་བར་ཤུགས་རྒྱག་རྒྱུ།

    གཅིག་ནི་བོད་ཀྱི་དོན་དངོས་དང་དགོས་མཁོ་དང་དེ་བས་འཚམ་པའི་སྤོ་སྒྱུར་གཏོང་སྤྲོད་མ་ལག་འཛུགས་རྒྱུ། སྤོ་སྒྱུར་གཏོང་སྤྲོད་བྱེད་ནུས་རིགས་ཁག་གི་ངེས་གནས་གསལ་པོ་བཟོས་ཏེ་དྲང་སྙོམས་དང་ལས་ཆོད། སྐུལ་ལྕག་དང་གཅུན་སྡོམ། བརྟན་བརླིང་དང་བབ་བསྟུན་བཅས་ལ་འདྲ་མཉམ་ལྟ་རྟོག་བྱེད་པའི་སྤོ་སྒྱུར་གཏོང་སྤྲོད་མ་ལག་གང་མགྱོགས་འཛུགས་རྒྱུ་དང་། 2024ལོར་གཙོ་གནད་དུ་དུས་བབ་གསར་པ་དང་ལས་འགན་གསར་པར་གཞིགས་ནས་གཙོ་གནད་སྤོ་སྒྱུར་གཏོང་སྤྲོད་ཁག་གཅིག་གི་བགོ་བཤའི་རྒྱུ་རྐྱེན་དང་བྱེད་ཐབས་འཐུས་ཚང་དུ་བཏང་ནས་སྤོ་སྒྱུར་གཏོང་སྤྲོད་ཀྱི་བགོ་བཤའ་རྒྱག་སྟངས་དེ“ཀྲུང་དབྱང་གི་གཏན་འབེབས་དང་མཐུན་ལ་བོད་ཀྱི་དགོས་མཁོ་ཡང་དེ་བས་སྐོང་ཐུབ་པ”བྱ་རྒྱུ། གཉིས་ནི“2+1”ནོར་སྲིད་ཕྱོགས་བསྡུས་དོ་དམ་གྱི་སྒྱུར་བཅོས་ཟབ་སྤེལ་བྱ་རྒྱུ། 2024ལོར་གཙོ་གནད་ཐོག་སྔོན་རྩིས་ཀྱི་ཚན་རིག་རང་བཞིན་མཐོ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ་རྣམ་གྲངས་ཀྱི་གཏོང་སྒོའི་ཚད་གཞིའི་མ་ལག་གང་མགྱོགས་འཛུགས་པ་དང་གཙོ་གནད་རྣམ་གྲངས་ཀྱི་ལས་རྗེས་གདེང་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། གསུམ་ནི་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཚོད་ལྟའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་རྒྱུ། 2024ལོར་རྒྱུན་མཐུད་དུས་ཡུན་ཅུང་རིང་བའི་ཚོད་ལྟའི་སྲིད་ཇུས་གཙོ་གནད་དུ་བཟུང་ནས་དབྱེ་གསེད་ལེགས་སྒྱུར་བྱས་ཏེ་ཡུན་རིང“ཚོད་ལྟ་བྱས་ཀྱང་ཐག་ཆོད་མེད་པ”དང་། “ཚོད་ལྟ་བྱས་ཀྱང་ཕན་འབྲས་མ་ཐོན་པའི”ཚོད་ལྟའི་སྲིད་ཇུས་ལ་དུས་ཐོག་ཏུ་ནོར་སྲིད་ནས་ལེགས་སྒྲིག་བྱ་རྒྱུའི་གྲོས་འགོ་འདོན་རྒྱུ་དང་། གསར་དུ་བཏོན་པའི་ཚོད་ལྟའི་སྲིད་ཇུས་ལ་ལས་རྗེས་ཀྱིས་ཁྲིད་ཕྱོགས་བྱེད་པའི་འགྲན་རྩོད་རང་བཞིན་གྱི་དཔྱད་གདེང་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་ལམ་སྲོལ་འཛུགས་རྒྱུའི་འཚོལ་ཞིབ་བྱ་རྒྱུ་བཅས་རེད།

    (བཞི) མཐའ་ཚད་འཛིན་སེམས་མཐའ་འཁྱོངས་བྱས་ནས་ནོར་སྲིད་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་མཐའ་གཅིག་ཏུ་བྱ་རྒྱུ།

    གཅིག་ནི་གཞི་རིམ་གྱི་ནོར་སྲིད་འཁོར་སྐྱོད་ཀྱི་ཉེན་ཁར་འགོག་ཟོན་བྱ་རྒྱུ། བུ་ལོན་གྱི་ཉེན་ཁ་ཅུང་ཆེ་བ་དང་། མཛོད་དངུལ་འགན་སྲུང་གི་ཆུ་ཚད་ཅུང་དམའ་བ། ནོར་ཤུགས་ལྟོས་བཅས་ཀྱིས་ཞན་པ་བཅས་ཀྱི་ས་ཁུལ་གཙོ་གནད་དུ་བཟུང་ནས་ནོར་སྲིད་འཁོར་སྐྱོད་ཀྱི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི“འགན་ལེན་གསུམ”ཐད་གནད་དོན་མི་ཐོན་པ་བྱ་རྒྱུ། གཉིས་ནི་བུ་ལོན་གྱི་ཉེན་ཟོན་བྱ་རྒྱུ། ས་གནས་དང་གྲོང་ཁྱེར་ཁག་གི་སྡེ་ཚན་ཁག་གིས་མངོན་མེད་བུ་ལོན་གསར་པ་མི་ཐོན་པ་མཐའ་གཅིག་ཏུ་བྱ་རྒྱུར་སྐུལ་ལྕག་གཏོང་བ་དང་། ད་ཡོད་ཀྱི་མངོན་མེད་བུ་ལོན་བརྟན་པོའི་ངང་གཙང་སེལ་བྱ་རྒྱུ། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་ངེས་པར་དུ་བསྲུང་རྒྱུ། གསུམ་ནི་མཛོད་དངུལ་གྱི་ཉེན་ཁ་འགོག་ཟོན་བྱ་རྒྱུ། གསར་སྣོན་མཛོད་དངུལ་སྔ་འདོན་བྱེད་པར་ཚོད་འཛིན་ནན་པོ་བྱ་རྒྱུ་དང་། སྔོན་རྩིས་ནས་འཕྲི་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དུས་ཐོག་ཏུ་གཡར་དངུལ་ཚུར་བསྡུ་ཐུབ་པ་བྱ་རྒྱུ་བཅས་རེད།

    (ལྔ) རང་འགུལ་ངང་ལྟ་སྐུལ་དང་ལེན་ཞུས་ནས་ཕྱོགས་ཁག་གིས་དོ་ཁུར་བྱས་པར་ལན་ཧུར་ཐག་འདེབས་རྒྱུ།

    མི་དམངས་འཐུས་ཚོགས་ཀྱི་ཁྲིམས་ལྟར་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་ཞུས་ཏེ་མི་དམངས་འཐུས་ཚོགས་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་བའི་སྲིད་གཞུང་དང་སྡེ་ཚན་ཁག་གི་སྔོན་རྩིས་ནང་དོན་དང་ཁྱབ་ཁོངས་མུ་མཐུད་འཐུས་ཚང་དུ་གཏོང་རྒྱུ་དང་། སྔོན་རྩིས་དོན་འཁྱོལ་བྱེད་པའི་ཁྲོད་བླང་བྱ་ལྟར་འབྲེལ་ཡོད་གནས་ཚུལ་དུས་ཐོག་ཏུ་གོང་ལ་ཞུ་རྒྱུ། སྔོན་རྩིས་དོན་འཁྱོལ་བྱེད་པའི་ཁྲོད་སྲིད་ཇུས་གལ་ཆེན་ཐོན་པ་དང་སྔོན་རྩིས་གཏོང་ཡོང་འགྱུར་ལྡོག་བྱུང་བ་སོགས་ཀྱི་གནས་ཚུལ་ཐོན་ཚེ་མི་དམངས་འཐུས་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ལ་སྙན་སེང་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་གཉེར་ནན་ཏན་དང་། འབྲེལ་གཏུག་དང་ངོ་བཅར་བྱེད་པར་ཤུགས་སྣོན་རྒྱག་པ། བཞུགས་མོལ་ཚོགས་འདུ་དང་། བརྡ་ཁྱབ་ཚོགས་འདུ། ཆེད་དོན་བརྟག་ཞིབ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རང་འགུལ་ངང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན་རྒྱུ། རྩིས་བཤེར་བྱས་ནས་རྩད་ཆོད་བྱུང་བའི་གནད་དོན་བཅོས་སྒྲིག་བྱེད་པར་སྐུལ་འདེད་ཏན་ཏིག་བཏང་སྟེ་བཅོས་སྒྲིག་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དང་། འགན་འཁྲི་དོན་འཁྱོལ་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་ཞིབ་བཤེར་ཡང་ཡང་བྱས་ཀྱང་ནོར་འཁྲུལ་ཡང་ཡང་ཐོན་རིགས་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་དང་། སྔོན་རྩིས་དང་ངེས་རྩིས་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས“ཀུན་གསལ་ནོར་སྲིད”ཧུར་ཐག་གཏོད་རྒྱུ་བཅས་རེད།

    འཐུས་མི་རྣམ་པ་ཚོ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག གསར་འབྱེད་ཡར་བརྩོན་དང་དམ་པ་དོན་གཉེར་བྱས་ནས་ནོར་སྲིད་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་དང་། གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་བསུ་བ་ཞུ་རྒྱུ་ཡིན།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།