དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • “སྲུང་སྐྱོང་གཉིས”ལ་དམིགས་ཏེ་ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཞབས་འདེགས་ཞུ་དགོས།

    —— ཚོགས་ཞུགས་བློ་མཐུན་ཚོས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ། (གཉིས)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-26

    རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་དབྱང་སྒྲིག་ཨུད་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ཕྱོགས་ཡོངས་ནས་ནན་དུ་གཏོང་བར་སྐུལ་འདེད་གཏོང་བ་ནས་འགོ་བཙུགས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་ལྟེ་བའི་སྤྱི་ཡོངས་ལ་དམིགས་པ་དང་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ཆབ་སྲིད་ཀྱི་ལྟ་སྐུལ་ལ་བརྟེན་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་ཞབས་འདེགས་ཞུ་བར་བཀོད་སྒྲིག་བྱེད་པ་དང་བླང་བྱ་བཏོན་པ་རེད།

    ཚོགས་ཞུགས་བློ་མཐུན་ཚོས་ཆབ་སྲིད་ཀྱི་ལྟ་སྐུལ་ནི་ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་ལྟ་སྐུལ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་པས་རིམ་ཁག་ཏང་རྩ་འཛུགས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱ་རྒྱུ་དེ་དུས་རབས་གསར་པར་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་རྩ་བའི་ཆབ་སྲིད་ཀྱི་ལས་འགན་དུ་བརྩིས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་དམ་པོར་དམིགས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ལ་དམིགས་པ། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་སྟེ་ཆབ་སྲིད་ཀྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཚང་མ་དོན་འཁྱོལ་དང་ཚང་མར་ཕན་འབྲས་ཐོན་པ་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    “སྲུང་སྐྱོང་གཉིས”ངེས་པར་དུ་བྱ་སྤྱོད་ཐོག་འཁྱོལ་བ་དང་ཕན་འབྲས་ཐོག་མཚོན་པར་བྱེད་དགོས། “ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ལ་གཅིག་གྱུར་སྐུལ་འདེད་བཏང་སྟེ་སློབ་སྦྱོང་ཐད་ནས་ཆབ་སྲིད་ཀྱི་རྣམ་འགྱུར་ལ་ལྟ་བ་དང་ཐབས་ཇུས་ཐད་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ལྟ་བ་མ་ཟད། དོན་འཁྱོལ་ཐད་ནས་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་ཚུལ་ལ་ལྟ་བ་དང་སྤྱོད་གཙང་ཐད་ནས་ཆབ་སྲིད་ཀྱི་སྤུས་ཚད་ལ་བལྟས་ཏེ་ལག་བསྟར་དོན་འཁྱོལ་བྱེད་རིང་དམིགས་བསལ་གྱི་ཕབ་ཆ་གཅོག་པ་དང་། ཁ་ནས་ཤོད་པ་ཙམ་ལས་དོན་འཁྱོལ་མི་བྱེད་པ། རྩིས་ཁྲ་རྫུན་མ་དང་བྱས་རྗེས་རྫུན་མ་བཟོ་བ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་ནན་པོ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་ཁུར་གནང་བའི་བྱ་བ་དང་། ནན་བཤད་གནང་བའི་ལས་དོན། བཏོན་གནང་བའི་བླང་བྱ་བཅས་གནད་སྨིན་ནུས་ལྡན་ངང་རེ་རེ་བཞིན་དམ་འཛིན་ཞིབ་ཕྲ་དང་གནད་ལ་འཁེལ་བ་བྱེད་ཀྱི་ཡིན”ཞེས་ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཕིང་གིས་བཤད།

    ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཐོག་མཐའ་བར་གསུམ་དུ“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བཅངས་ནས“ཞིབ་བཤེར་བཞི་དང་ལྟ་བ་བཞི”མཐའ་འཁྱོངས་ཀྱིས“ཁང་དང་ཚོགས་ཆུང”དང“ཁང་དང་། ཚོགས་ཆུང་། ས་ཁུལ”སོགས་མཉམ་འགུལ་ལྟ་སྐུལ་གྱི་བྱ་ཐབས་བརྒྱུད“ལྟ་སྐུལ་བྱེད་དགོས་རིགས་ལ་བསྐྱར་དུ་ལྟ་སྐུལ”བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ། གྲོང་ཨུད་ཀྱི་ལས་དོན་བཀོད་སྒྲིག་བཅས་རིམ་ཁག་སྡེ་ཚན་ཁག་གི་སྲིད་ཇུས་དང་། བསམ་ཕྱོགས། བྱ་ཐབས་བཅས་ལ་བསྒྱུར་རྒྱུར་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་མཱ་ཝུན་ཆིང་གིས་ལྟེ་བའི་སྤྱི་ཡོངས་ལ་སྔར་བས་དམིགས་པ་དང་གཙོ་གནད་མི་སྣ་དང་གཙོ་གནད་ལས་དོན་ལ་དམིགས་ནས་ལྷོ་རི་བྱང་རིའི་སྔོ་འགྱུར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་སོགས་ལ་གཅིག་སྡུད་རང་བཞིན་དང་ཆེད་དོན་རྣམ་པའི་ལྟ་སྐུལ་ཞིབ་བཤེར་དང་། གཙོ་གནད་ཁྱབ་ཁོངས་དང་སྡེ་ཚན་གལ་ཆེན་ལ་གནད་འཁེལ་རྣམ་པའི་ལྟ་སྐུལ་ཞིབ་བཤེར། ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས་ཆེད་དོན་བཅོས་སྒྲིག་བཅས་བྱེད་པ་དང་ཆབས་ཅིག་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འབྲེལ་གཏུག་ཁང་དང་དེ་བཞིན་འབྲེལ་ཡོད་ས་ཁུལ་དང་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་མཉམ་དུ་རྣམ་གྲངས་གལ་ཆེན་ལ་མཐུན་སྦྱོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་ལྟ་སྐུལ་གྱི་སྤྱི་ཡོངས་ཀྱི་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡིན་ཞེས་བཤད་པ་རེད།

    ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་པར་གལ་ཆེ་ཤོས་ནི་གནད་སྨིན་ལ་ཐུབ་ཡོད་ལ་དཀའ་གནད་ཀྱང་གནད་སྨིན་ལ་ཐུབ་ཡོད། ངེས་པར་དུ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལྟ་སྐུལ་གྱི་གཙོ་གནད་ཁ་གསལ་བཟོ་བ་དང་། མངོན་གསལ་དོད་པའི་གནད་དོན་དུས་ཐོག་ཏུ་ཡང་དག་ཤེས་ཐུབ་པ། ལག་ལེན་མཐར་ཕྱིན་བསྟར་རིང་གི་འགག་གནད་དང་དཀའ་གནད་ཏན་ཏིག་སེལ་ཐུབ་པ་བཅས་བྱེད་དགོས། “2023ལོ་ཚུན། ང་ཚོས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དེ་ཆབ་སྲིད་ལྟ་སྐུལ་གྱི་གཙོ་གནད་ཀྱི་གྲས་ཤིག་ཏུ་བརྩིས་ནས། བརྟག་ཞིབ་ལྟ་སྐུལ་ཚོགས་ཆུང་3བཙུགས་ཏེ་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)200ལྷག་ཙམ་གྱི་ཤང་དང་གྲོང་རྡལ་དང་གྲོང་ཚོ་དང་གྲོང་ལྷན་ཁག་གཅིག་ཏུ་དཔྱད་ཡིག་ལྟ་ཀློག་དང་། དུད་ཚང་དུ་བཅར་འདྲི། ས་གནས་ས་ཐོག་ཏུ་ལྟ་ཞིབ་བཅས་བྱེད་པའི་བྱེད་ཐབས་བརྒྱུད། གྲོང་གསེབ་དར་རྒྱས་ཀྱི་ཕྱོགས་ཁག་གི་ལས་དོན་སྤེལ་ཚུལ་དང་ལྷག་པར་དུ་གྲོང་གསེབ་དར་རྒྱས་འདུ་འགོད་རྣམ་གྲངས་སྐུལ་འདེད་གཏོང་ཚུལ་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་ཀྱིས་ལྟ་སྐུལ་གནད་སྨིན་དང་ནུས་ལྡན་ལ་བརྟེན་ཏེ་གྲོང་གསེབ་དར་རྒྱས་ཕྱོགས་ཡོངས་ནས་ལག་བསྟར་ཐུབ་པར་བྱས་ཡོད”ཅེས་གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲུའུ་ཙེ་ཧྭ་ཡིས་དཔེ་དྲངས་ནས་བཤད།

    ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་པར་ངེས་པར་དུ་རྒྱུན་རྣམ་ལ་བརྟེན་ནས་ཕུགས་ཕན་དོན་གཉེར་དང་ཕུགས་ཕན་ལ་བརྟེན་ནས་ཡུན་རིང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ལི་ཧྲའོ་ཧུའེ་ཡིས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་བྱས་ཏེ། རྒྱུན་གཏན་ནས་ལྟ་སྐུལ་དང་དམ་འཛིན་མཐའ་འཁྱོངས་ཀྱིས་ཆབ་སྲིད་ལྟ་སྐུལ་གྱི་ལོ་འཁོར་གྱི་གཙོ་གནད་ལས་འགན་ལ་སྤྱི་འདོམས་འཆར་འགོད་དང་དབྱེ་ཞིབ་ཕྱོགས་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་མངགས་གཏོང་ལས་ཁུངས་ལ་གཞོགས་འདེགས་ཀྱིས་མཉམ་འགུལ་ལྟ་སྐུལ་བྱེད་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཐུན་མོང་གི་གནད་དོན་ལ་མཉམ་དུ་ལན་རྒྱག་པ་དང་ཁ་ཕྱོགས་གཅིག་ལ་ཤུགས་རྒྱག་པར་སྐུལ་འདེད་གཏོང་བ། རྩིས་ཁྲ་དོ་དམ་དང་བརྟག་ཞིབ་ལྟ་སྐུལ་སོགས་ཀྱི་ལམ་ལུགས་དུས་མཉམ་དུ་འཐུས་སྒོ་ཚང་དུ་གཏོང་བ། སྟབས་བསྟུན་རྗེས་སྙེག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྟ་སྐུལ་དེ་བས་ཚད་ལྡན་དང་དེ་བས་ནུས་ལྡན་ཡོང་བར་བྱེད་ཀྱི་ཡིན་ཞེས་བཤད།

    སྐོར་གཟིགས་ནི་ཆབ་སྲིད་ཀྱི་སྐོར་གཟིགས་ཡིན་པ་དང་ངོ་བོ་ནི་ཆབ་སྲིད་ཀྱི་ལྟ་སྐུལ་ཡིན་ཞིང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་ལྗོངས་ཏང་ཨུད་སྐོར་གཟིགས་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་ཧུང་ཡུང་གིས། སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། 2024ལོའི་སྐོར་གཟིགས་སྐོར་ཞིབ་ལས་དོན་ལ་སྤྱི་འདོམས་འཆར་འགོད་བྱེད་པ། སྐོར་གཟིགས་སྐོར་ཞིབ་ཡོངས་ཁྱབ་ཐུབ་པར་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ། རིམ་སྤོར་སྐོར་གཟིགས་དང་མཉམ་འགུལ་སྐོར་གཟིགས་སྐོར་ཞིབ་འཚོལ་ཞིབ་དང་བེད་སྤྱོད་བྱེད་པ། ས་ཨུད(གྲོང་ཨུད)ཀྱི་སྐོར་གཟིགས་ལས་དོན་ལ་མཛུབ་ཁྲིད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྐོར་གཟིགས་སྐོར་ཞིབ་ལས་དོན་གྱི་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྐོར་གཟིགས་སྐོར་ཞིབ་ལ་དག་ཐེར་དང་གྲུབ་འབྲས་སྤྱོད་པའི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐོར་གཟིགས་སྐོར་ཞིབ་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་འགན་ནུས་ཆེ་རུ་གཏོང་བ། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཚན་དང་མཉམ་དུ“ཕྱོགས་གསུམ་མཉམ་འགུལ”གྱིས་དག་ཐེར་ལ་ལྟ་སྐུལ་བཅས་བྱས་ཏེ་སྐོར་གཟིགས་སྐོར་ཞིབ་ལ་དག་ཐེར་དང་གྲུབ་འབྲས་སྤྱོད་པའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།