རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་འཚོགས་པ།
ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་དང་། ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་དང་ཕྱོགས་སྡོམ་གསུང་བཤད་གནང་བ།
ཟླ་1ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་པའི་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་ལ་བྱ་དགའ་གནང་བཞིན་པ།
ཟླ་1ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས“ཞིང་གསུམ”ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་དང་སྐྱིད་སྣང་ཟམ་མི་ཆད་པར་དོད་དུ་གཏོང་དགོས།
ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གྲོང་གསེབ་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ཀྱི“ཞིང་གསུམ”ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ། “ཞིང་གསུམ”ལས་དོན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་དང་སྐྱིད་སྣང་ཟམ་མི་ཆད་པར་དོད་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ལིའུ་ཅང་གིས་ཚོགས་འདུ་གཙོ་སྐྱོང་དང་ཕྱོགས་སྡོམ་གསུང་བཤད་གནང་ཞིང་། ཝང་ཝུའེ་ཏུང་དང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། “ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་ཞིང་ལས་ཀྱི་རྨང་གཞི་རྒྱུན་འཁྱོངས་ལྷོད་མེད་ངང་བརྟན་དུ་གཏོང་བ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་དང་གཙོ་རྒོལ་ཁ་ཕྱོགས་གསལ་བཤད་གནང་ནས། ང་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ནང་དོན་གྱི་དོན་སྙིང་དང་ལག་ལེན་གྱི་བླང་བྱ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སྟངས་འཛིན་བྱེད་པ། ལག་བསྟར་དོན་འཁྱོལ་ལ་ཇི་མ་ཇི་བཞིན་དམ་འཛིན་ཡག་པོ་བཅས་བྱས་ཏེ། “ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་འདས་ཟིན་པའི་ལོ་གཅིག་ནང་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་མཐའ་འཁྱོངས་ཀྱིས། དུས་བབ་གནད་ལ་འཁེལ་པོས་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་གདེང་ཚོད་ཆེར་གཏོང་། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་གཏིང་ཟབ་དང་བེད་སྤྱོད་ཡག་པོ་བཅས་བྱས་ནས། ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་གནས་འཕྲོད་ལས་འཚམ། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
ཏང་སྲིད་འགན་འཁྲི་གཅིག་མཚུངས་མཐའ་འཁྱོངས་ཀྱིས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་ཧུར་ཐག་བྱེད་དགོས། འབྲུ་རིགས་ཀྱི་བདེ་འཇགས་སེམས་ལ་འཇོག་པ་དང་། ཕྲག་ཏུ་འཁུར་བ། ལག་ཏུ་འཛིན་པ་བཅས་ཏན་ཏིག་བྱས་ཏེ། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་དང་ཚད་གཞི་མཐོ་བའི་ཞིང་འཛུགས་སྐྲུན་ལ་མ་དངུལ་གཏོང་ཤུགས་དང་གཡོག་བྱེད་བྱེད་ཤུགས་ཆེ་རུ་བཏང་སྟེ། རྨོ་ཞིང་གི་གྲངས་འབོར་འགན་སྲུང་དང་སྤུས་ཚད་མཐོ་རུ་གཏོང་བར་འགན་ལེན་བྱེད་དགོས། ཚན་རྩལ་བཀོལ་སྤྱོད་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་ལག་རྩལ་གྱི་འགག་གནད་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱ་ཁྱོན་བརྟན་པོ་དང་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་གཉིས་ཀར་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་འབྲུ་རིགས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་འདུ་འགོད་ལག་ལེན་ཡག་པོ་བསྟར་ཏེ། ས་རྒྱུའི་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་ནས་རྨོ་ཞིང་གི་ས་རྒྱུའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས།
བྱེད་ཐབས་སྣ་མང་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་ཞིང་འབྲོག་པར་རྒྱུན་མཐུད་ངང་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་། ཞིང་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་རང་ཁྱིམ་གྱི་སྒོ་རྩར་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས། དབུལ་སྒྲོལ་མང་ཚོགས་ཀྱི་འབབ་འཕར་ལས་དོན་ཡག་པོ་བསྒྲུབས་ནས་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་འགན་ལེན་བྱེད་དགོས། ཁྱད་ལྡན་ཞིང་འབྲོག་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་། ཡུལ་བབ་དང་བསྟུན་པ་དང་གྲོང་ཚོར་བསྟུན་ནས་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་བྱེད་པ། ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོར་རོགས་སྐྱོར་ཧུར་ཐག་བྱེད་པ། ཐབས་བརྒྱ་ཇུས་སྟོང་ངང་རྣམ་གྲངས་ཆེ་གྲས་དང་ཁེ་ལས་ཆེ་གྲས་སྐོང་འཐེན་བྱས་ནས་ཞིང་འབྲོག་ལས་ཀྱི་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། ཁྲོམ་ར་གསར་འབྱེད་བྱེད་ནུས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་འགྲན་རྩོད་ལེགས་ཆ་སྐྱེད་སྲིང་བཅས་བྱས་ནས་ཞིང་འབྲོག་ལས་ཀྱི་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་ཁྲིད་བྱེད་དགོས།
རིམ་ཁག་ཏང་ཨུད་ཀྱིས་བསམ་བློའི་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་པ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་ལག་རྩལ་གསར་པ་དང་ལྟ་བ་གསར་པ་གཞི་རིམ་གྱི་འཐབ་ས་དང་པོར་དྲིལ་བསྒྲགས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱིས་སེམས་ལ་བརྟན་པོར་ངེས་པ་དང་བེད་སྤྱོད་ཐུབ་པར་བྱས་ཏེ། ནང་སྐྱེས་སྒུལ་ཤུགས་འཕེལ་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་བར་ཁྲིད་སྟོན་བྱེད་དགོས།
རྨང་རྩ་གཉིས་བརྟན་མཐའ་འཁྱོངས་བྱས་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གྲོང་གསེབ་ཀྱི་འགྲོ་ལམ་དང་ཆུ་མཁོ་འདོན་དང་དྲོད་རླངས་མཁོ་འདོན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་དགོས། ཞིང་འབྲོག་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལས་ཀའི་དམིགས་སའི་རང་བཞིན་དང་། གནད་འཁེལ་རང་བཞིན། བྱེད་འཐུས་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། ལོ་ལྟར་མང་ཚོགས་ཀྱི་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་རིགས་འགུལ་རྣམ་གཙང་སེལ་བྱེད་པ། ཞིང་འབྲོག་ཁུལ་གྱི་སྐྱ་གྲིབ་ཕོག་མཁན་དང་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པ། བཟའ་བཅའི་གྲུབ་ཆ་སྔར་བས་ལེགས་སུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱེད་དགོས།
མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“ཞིང་གསུམ”ལས་དོན་ཁྲོད་ཀྱི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། ཞིང་འབྲོག་པའི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་ངང་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་འགྱུར་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་མིའི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་བསྐངས་ཏེ། མི་རིགས་ཁག་གི་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དངོས་འབྲེལ་གོང་བུ་གཅིག་སྒྲིལ་ཐུབ་པར་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱེད་པའི་འགན་འཁྲི་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱས་ནས། ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་སྔོན་ལ་འཕེལ་རྒྱས་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱོད་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་། མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་བསྟར་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཁྱད་བསད་བཅས་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་དང་། སེམས་ཁྲལ། འཕྲལ་མཁོ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་དཔྱད་བྱས་ཏེ། ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་དགོས།
ལིའུ་ཅང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ནང་ན་ནིང་ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཕྱོགས་སྡོམ་གནང་བ་དང་། རང་ལྗོངས་ཀྱི“ཞིང་གསུམ”ལས་དོན་གྱི་ལས་འགན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་མཐུན་རྐྱེན་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། འདི་ལོའི“ཞིང་གསུམ”ལས་དོན་ལ་ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཀྱང་གནང་བས། བརྗོད་དོན་གཙོ་བོ་ཁ་གསལ་ཞིང་གཙོ་གནད་མངོན་གསལ་དོད་པོ་དང་། བྱེད་ཐབས་ནུས་ལྡན་དང་བླང་བྱ་ཁ་གསལ་བས། འཐབ་ཇུས་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཧ་ཅང་ཆེན་པོ་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས། བྱ་སྤྱོད་ཧུར་ཐག་སྤེལ་བ་དང་། འཐབ་ས་དང་པོར་སྐྱོད་པ། ལུས་ཚུགས་པ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་དོན་ཁག་གི་བཀོད་སྒྲིག་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག་2023ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་སྐོར་ལ་དཔྱད་ཞིབ་བྱས་ཚུལ་བརྡ་ཁྱབ་བཏང་ནས། ལྗོངས་ཡོངས་ཀྱི“ཞིང་གསུམ”ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་རེད།