དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>བློ་བཟང་རྒྱལ་མཚན།
  • བློ་བཟང་རྒྱལ་མཚན་གྱིས་ཉིང་ཁྲི་གྲོང་ཁྱེར་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས། ཚེས་13ནས་ཚེས་20ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་རྒྱ་མདའ་དང་། བྲག་ཡིབ། སྤོ་མེས། མེ་ཏོག སྨན་གླིང་སོགས་ས་ཁུལ་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ། གཞི་རིམ་གྱི་ལས་བྱེད་པ་དང་། མང་ཚོགས། འཐབ་ས་དང་པོའི་འཛུགས་སྐྲུན་པ་བཅས་ལ་འཚམས་འདྲིའང་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཐེ་ཀྲའོ་གནའ་གྲོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཆེད་དོན་འགྲེམས་ཁང་དུ་ཕེབས་ནས་འགྲེལ་བཤད་ནན་ཏན་གསན་པ་དང་། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ལ་མྱོང་ལེན་ཟབ་མོ་གནང་ཞིང་། དེ་ནས་ཁྲོན་བོད་ལྕགས་ལམ་གྱི་གསེར་སྐྱེམས་ལའི་ཕུག་ལམ་གྱི་འཛུལ་སྒོ་དང་། ལ་ཡོད་ཕུག་ལམ་གྱི་འཕྲེད་ཕུག སྤོ་སྟོད་གཙང་པོའི་ཟམ་ཆེན་སོགས་བསྐྲུན་ཡུལ་དང་ལས་གྲྭའི་རྣམ་གྲངས་པུའུ་དང་ཁྲོན་བོད་ལྕགས་ལམ་ཀུང་སིར་ཕེབས་ནས་ལས་གྲྭའི་འཕེལ་རིམ་ལ་མཁྱེན་རྟོགས་གནང་བ་དང་སྦྲགས། འཐབ་ས་དང་པོའི་ལས་གྲྭའི་འཛུགས་སྐྲུན་པར་བྱམས་བརྩེའི་ངང་གཟིགས་ནས་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་། མེ་ཏོག་ཏུ་ཕེབས་སྐབས། སྤོ་མེས་དང་མེ་ཏོག་བར་གྱི་གཞུང་ལམ་སྤུས་ཚད་མཐོར་གཏོང་སྒྱུར་བཀོད་དང་། རྒྱལ་ལམ་219ཡི་འཛུགས་སྐྲུན། རྫོང་གྲོང་གི་འཕེལ་རྒྱས་འཆར་འགོད་སོགས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ་མ་ཟད། ཁ་བ་བུ་ཡུག་ལ་མ་འཛེམས་པར་མཚན་མོ་རྡོ་གཞོང་ལར་བསྐྱོད་དེ་བརྟག་ཞིབ་གནང་བར་ཕེབས་པ་དང་། སྨན་གླིང་གྲོང་ཁྱེར་བམ་གྲོང་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་དང་འཐབ་ས་དང་པོའི་དཔོན་དམག་ཚོར་འཚམས་འདྲི་གནང་སྟེ། རང་ཉིད་ཀྱི་ལང་ཚོ་དང་ཁྲག་དྲོན་མཐའ་སྲུང་བྱ་གཞག་ལ་ལེགས་སྐྱེས་སུ་འབུལ་མཁན་དམག་མི་རྣམས་ལ་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།

    བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དོན་ལ་བབས་ས་དང་ཤུགས་རྒྱག་སར་བྱས་ནས་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་འབྲས་ཐོན་པ་བཅས་ཀྱི་ཐད་མུ་མཐུད་ཤུགས་བརྒྱབ་སྟེ་མི་རིགས་ཁག་གི་མང་ཚོགས་ལ་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲལ་མཉམ་མྱོང་། འཆི་གསོན་མཉམ་གནས། ལས་དབང་མཉམ་གནས་བཅས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པར་ཁྲིད་སྟོན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་བརྟག་ཐབས་སྨྲ་བ་བེད་ཡག་པོ་སྤྱད་དེ། མཐའ་མཚམས་མི་རིགས་ས་ཁུལ་དེང་རབས་ཅན་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་སྐུལ་འདེད་གཏོང་དགོས་པ་དང་། དངོས་ཐོག་བདེན་འཚོལ་གྱི་སྙིང་སྟོབས་ལ་བརྟེན་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཁྲོན་བོད་ལྕགས་ལམ་སོགས་ཀྱི་རྣམ་གྲངས་སྤུས་རྟགས་ལས་གྲྭ་དང་། བདེ་འཇགས་ལས་གྲྭ ལྗང་མདོག་ལས་གྲྭ གསར་གཏོད་ལས་གྲྭ སྤྱོད་གཙང་ལས་གྲྭ་བཅས་སུ་འཛུགས་སྐྲུན་ཏན་ཏིག་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར་དང་རྫོང་ཁག་གིས་རང་རྟོགས་ངང་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་ནས་ལས་གྲྭ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་དང་། ཡུལ་བབ་དང་མཐུན་པའི་ངང་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་ནས་མཐའ་དར་དམངས་ཕྱུག་གི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་སྒྲུབ་དགོས་པ་དང་། ཀྲེ་ཅང་གི“གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ་འགོ་འཛུགས་མཐོ་པོ་ནས་རྫོང་ཁོངས་འཕེལ་རྒྱས་ཀྱི་འཆར་གཞི་ཡག་པོ་བཀོད་དེ་ཆ་ལག་ཚང་བའི་འཆར་འགོད་དང་། ཕྱོགས་ཡོངས་ལ་སྐུལ་འདེད། ཁྱོན་ཡོངས་མཐོར་གཏོང་བཅས་ལ་བརྟེན་ནས་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དང་། འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་ཆེ་བ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ། མཐའ་སྲུང་གི་བདེ་འཇགས་སྔར་བས་བརྟན་པོ་བཅས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།