དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-23

    ཚེས་21ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་དང་། 2023ལོར་རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་དང་། སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དང་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་། འདུ་ཤེས་འཛིན་སྟངས་དང་བསམ་བློ་ཆབ་སྲིད་བཅས་ཀྱི་ལས་ཀའི་སྙན་སེང་གསན་པ་དང་འབྲེལ། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་པས། ང་ཚོས་དངུལ་རྩའི་ལས་དོན་ལེགས་པར་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་གོ་བ་གཏིང་ཟབ་བླངས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ། དངུལ་རྩའི་ཞབས་འདེགས་ཞུ་ནུས་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དངུལ་རྩའི་བསམ་གཞིགས་དང་དངུལ་རྩའི་ལས་དོན་གྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སློབ་སྦྱོང་གི་གྲུབ་འབྲས་དཔལ་འབྱོར་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བའི་དངོས་ཡོད་གྲུབ་འབྲས་ལ་ཏན་ཏིག་སྒྱུར་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2023ལོར་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། གཙོ་འགན་གཙོ་ལས་ལ་དམིགས་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་སྡེབ་གཅིག་ལ་སྐུལ་འདེད་བཏང་བས་ཆབ་སྲིད་ཀྱི་ཁོར་ཡུག་ལ་རྣམ་པ་གསར་པ་ཐོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ཏེ། རུལ་སུངས་ལ་ཁྲིམས་ཆད་ནན་པོ་གཅོད་པའི་དམ་བསྒྲགས་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་བརྟེན་ནས་རུལ་སུངས་ལ་ཁྲིམས་ཆད་ནན་པོ་གཅོད་པ། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་རྩ་མེད་གཏོང་བའི་ཐད་རྒྱུན་མཐུད་ཤུགས་རྒྱག་པ་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱོད་གཙང་རིག་གནས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་བཟོ་བ་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། རིམ་ཁག་ཏང་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་ཏང་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཕྲག་ཐོག་ཏུ་མཐའ་གཅིག་ཏུ་འཁུར་བ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རིམ་ཁག་སྒྲིག་ཨུད་ལྷ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་གྱི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། རིམ་པ་བཞིན་འགན་འཁྲི་ནན་དཀྲི་དང་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཅིག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2023ལོར་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་སྤྱི་ཡོངས་ལ་དམིགས་པ་དང་། ཁྲིམས་བཞིན་འགན་འཁྲི་འཁུར་བ། རང་འགན་གཙང་སྒྲུབ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ། ཁྲིམས་སྐྱོང་གི་བྱང་ཚད་མཐོ་རུ་གཏོང་བ། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་ནས་འགལ་ཟླ་སེལ་བ་དང་། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་གཅོག་པ་བཅས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་བཞིན་སྲུང་སྐྱོང་བྱེད་དགོས། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལྷག་པར་དུ་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་མི་དམངས་གོང་དུ་བཀུར་བ་དང་འཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས་གཅིག་ཤེས་ཀུན་གྲོལ་དང་འགན་འཁྲི་ནན་དཀྲི་དང་། བརྟན་ལྷིང་སྲུང་སྐྱོང་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་དང་དམར་ཐིག་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། 2023ལོར་ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱིས་རིག་གནས་འཛུགས་སྐྱོང་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་དམིགས་ཏེ། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་གཞུང་འཁྱོངས་གསར་འབྱེད་མཐའ་འཁྱོངས་བྱས་ནས“འཛུགས་གཏོད་བཞི”གཏིང་ཟབ་ཏུ་གཏོང་བར་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱས་ནས་རང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ལྷག་པར་དུ་དུས་རབས་གསར་པའི་ལོ་བཅུའི་ནང་ཐོབ་པའི་ཕྱོགས་ཡོངས་ཀྱི་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཕྱོགས་ཡོངས་དང་ཇི་མ་ཇི་བཞིན་ཡག་པོ་བརྗོད་དགོས། ཏང་གིས་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཧུར་ཐག་བཏང་སྟེ་རིག་གནས་ལ་བརྟེན་ནས་ལྗོངས་སྟོབས་ཆེར་གཏོང་བའི་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བསམ་བློའི་འགན་ལེན་བརྟན་པོ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པས་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། ཁྱད་ཆོས་ལྡན་པ། ཕན་འབྲས་བཟང་བ་བཅས་བྱུང་ཡོད། ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གཞི་རིམ་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱེད་པ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། བརྗོད་དོན་གཙོ་བོའི་སློབ་གསོའི་གཙོ་གནད་བྱེད་ཐབས་དང་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་ཁྲིད་སྟོན་བྱེད་རྒྱུ་འབྲེལ་མཐུད་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་སྟོང་གཏམ་ཉུང་ཙམ་ཤོད་པ་དང་དོན་དངོས་མང་ཙམ་སྒྲུབ་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་དང་ཏན་ཏིག་བཅས་བྱས་ནས་གཞི་རིམ་ལས་བྱེད་པས་སེམས་ནུས་དེ་བས་མང་བ་ལས་སྒྲུབ་ལས་གཏོད་ཐད་འཇོག་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།