དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྲིད་གཞུང་གི་ལས་དོན་སྙན་སྒྲོན།

    —— 2024ལོའི་ཟླ་1ཚེས་7ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-22

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ཡན་ཅིན་ཧའེ།

    འཐུས་མི་རྣམ་པ།

    ད་ལྟ་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་དང་། སྲིད་གྲོས་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་རྣམ་པས་དགོངས་འཆར་འདོན་རོགས་ཞུ་རྒྱུ་ཡིན།

    2023ལོའི་ལས་དོན་ལ་ཕྱི་མིག་ལྟ་བ།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། སྐབས་འདིའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པའི་ལོ་དང་པོ་དེའང་ཡིན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། “2023·ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས”ཐོག་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ཞིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བརྟེན་ནས་དཔའ་ངར་ཆེར་བསྐྱེད་དང་ཞུམ་མེད་མདུན་སྐྱོད་ཐོག བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་གོམ་སྟབས་གསར་པ་སྤོས་ཡོད།

    —— སྤྱི་ཚོགས་ཁྱོན་ཡོངས་བདེ་འཇགས་བརྟན་ལྷིང་བྱུང་བ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་མཐུད་སྤེལ་བས་ལྗོངས་ཡོངས་སུ་ཚབས་ཆེའི་ཆབ་སྲིད་རང་བཞིན་དང་། འདུ་འཛོམས་རང་བཞིན། དྲག་གཏུམ་འཇིགས་སྐུལ་གྱི་གྱོད་གཞི་བཅས་གཅིག་ཀྱང་ཐོན་མེད། “ལས་གཞི་ཆེན་པོ་བཞི”དང“ལས་འགུལ་ཁག་དྲུག”ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ས་གནས(གྲོང་ཁྱེར)བདུན་ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་ལ་འཛུགས་གཏོད་བྱས་པ། “འདུ་ཤེས་གསུམ”གྱི་སློབ་གསོ་མི་སེམས་ལ་བརྟན་པོར་ཟུག་པ། དགོན་སྡེའི་ནོར་ཁྲལ་ལ་ལྟ་འདོམས་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ། བརྟན་ལྷིང་སྲུང་སྐྱོང་གི་བཀོད་འདོམས་མ་ལག་ལེགས་སུ་བཏང་ནས་ལྗོངས་ཡོངས་སུ་དྲ་རྒྱ་གཅིག་དང་ལས་སྟེགས་གཅིག་ཁྱོན་ཡོངས་ལ་ཁྱབ་པ། སྤྱི་ཚོགས་བདེ་འཇགས་དང་འགྲིམ་འགྲུལ། མེ་གསོད། བདེ་འཇགས་ཐོན་སྐྱེད་སོགས་ལ་བཅོས་སྒྲིག་ནན་པོ་བྱེད་པའི་ལས་འགུལ་སྤེལ་བ། བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་ནན་ཏན་བྱས་པ། དངུལ་རྩའི་ཉེན་ཁར་འགོག་ཟོན་ནུས་ལྡན་བྱས་པ་བཅས་ལ་བརྟེན། མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་དེ་99%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    —— དཔལ་འབྱོར་རྒྱུན་མཐུད་འཁོར་སྐྱོད་བཟང་པོ་བྱུང་བ། སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་དེ་སྒོར་དུང་ཕྱུར་2300ལས་བརྒལ་ནས་9%ཡས་མས་འཕར་བཟོ་ཡོད་པ་དང་མི་རེར་ཆ་སྙོམས་སྒོར་ཁྲི་6ལས་བརྒལ་བཟོ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་སྒོར་ཁྲི་5དང་སྒོར་ཁྲི་2ཟིན་ནས་ཁག་སོ་སོར་6.5%དང་10%ཡས་མས་འཕར་བ་དང་། གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་འཕར་ཚད་དང་གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་བསྡུར་ཚད་དེ་ཁག་སོ་སོར་3%དང་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བྱས་འབོར། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་བཅས་ཁག་སོ་སོར་30%དང་། 22% 130%ཡན་འཕར་བ་བཅས་ལ་བརྟེན། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    —— གོང་འཕེལ་གྱི་སྒུལ་ཤུགས་བརྟན་པོའི་ངང་ཇེ་ཆེར་སོང་བ། “མ་འཇོག་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལོར”གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཁྲོན་བོད་ལྕགས་ལམ་དང་G318ཀྱི་ལེགས་གཏོང་སྒྱུར་བཀོད་སོགས་ཀྱི་གཙོ་གནད་རྣམ་གྲངས་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཡོད། སྤུ་ཧྲེང་གནམ་ཐང་དང་གོང་དཀར་གནམ་ཐང་གི་རྒྱུག་ལམ་གཉིས་པ་དང་། རྒྱལ་སྤྱིའི་གནམ་ཐང་འབབ་ཚུགས་བཅས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་དང་། ཤངས་ཆུའི་ཆུ་བེད་ལྟེ་གནས་ཐོན་སྐྱེད་བྱེད་འགོ་ཚུགས་ནས་གློག་གཏོང་བཞིན་ཡོད་པ། འབྲི་ཆུའི་སྟོད་རྒྱུད་དང་བོད་ལྗོངས་ཀྱི་ཤར་ལྷོ་གཉིས་རྒྱལ་ཁབ་ཀྱི་ཆུ་འོད་རླུང་གསུམ་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞིའི་ནང་བཅུག་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་ཚན་ཁག་24བཟོ་འདོན་བྱས་ནས་འཛད་སྤྱོད་ཆེར་གཏོང་གི་ཆེད་དོན་ལས་འགུལ་ལ་ཕན་ནུས་མངོན་གསལ་དོད་པོ་ཐོབ་པ། “བོད་ཀྱི་བྲོ་ལྡན”ཞིམ་ཟས་ཁྲོམ་གཞུང་སྔར་བས་འཁྲུག་ཆ་དོད་དུ་སོང་བ། ཁུལ་ཁོངས་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་སོང་བ། སྲོལ་རྒྱུན་གྱི་མཐའ་མཚམས་ཉོ་ཚོང་ས་ཚིགས་15སླར་གསོ་བྱ་རྒྱུར་ཆོག་མཆན་ཐོབ་པ། སྐྱིད་གྲོང་དང་། སྤུ་ཧྲེང་། འགྲམ། ལེགས་རྩེ་བཅས་ཀྱི་འགག་སྒོར་འགྲུལ་ཟོག་གཉིས་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད།

    —— ཁྱད་ལྡན་ཐོན་ལས་ཀྱི་སྤུས་འབྲས་ལེགས་སུ་སོང་བ། གཙོ་གནད་ཐོན་ལས་ཕྲེང་སྦྲེལ་དཔོན་གྱི་ལམ་ལུགས་བཙུགས་པ་དང་། འབྲུ་རིགས་དང་། སྔོ་ཚལ། ཤ་སྒོང་དཀར་ཆུ་བཅས་ཀྱི་ཐོན་འབོར་དེ་ཁག་སོ་སོར་ཏུན་ཁྲི་108དང་། ཏུན་ཁྲི་95 ཏུན་ཁྲི་93ཟིན་ཡོད། “ས་གྲོལ་སོན་འདེབས”ལ་ལོ་ལེགས་བཟང་པོ་བྱུང་བ་དང་། ཐོན་དང་པོའི་འབྲས་གསར་པ་བོད་དུ་འབྱོར་ནས་ཁྲོམ་རར་བཏོན་པ། རྒྱལ་ཁབ་ཀྱི་ཞིང་པའི་མཉམ་ལས་དཔེ་སྟོན་ཁང་30མང་དུ་བཏང་བ། ས་མཐོའི་ཐབ་ཆས་ཐོན་ལོ་དང་པོར་ཐབ་ཆས་ཁྲི་67བཙོངས་ནས“ཐབ་ཆས་གསར་བརྗེས”ས་མཐོར་ཡང་བའི་བཟོ་ལས་ཀྱི་ལམ་བུ་གསར་པ་བཏོད་པ། གློག་ཤུགས་འཕྲུལ་ཚན་གྱི་གློག་གཏོང་ཚད་ཆན་ཝ་ཁྲི་700ལས་བརྒལ་བ་དང་གློག་ཕྱིར་བཏང་ཚད་189%འཕར་བ།

    ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་ཐེངས་དང་ཡོང་འབབ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མི་ཐེངས་ཁྲི་5500དང་ཡོང་འབབ་སྒོར་དུང་ཕྱུར་650ཚད་བརྒལ་བྱུང་ཡོད། མཁའ་འགྲུལ་ཐོན་ལས་དེ་ཚད་གཞི་མཐོ་པོས་སྤེལ་འགོ་ཚུགས་པ། བོད་སྨན་དང་མཐའ་མཚམས་ཚོང་དོན་ཟོག་འགྲེམས་སོགས་ཀྱི་ཐོན་ལས་རྒྱུན་མཐུད་གོང་འཕེལ་ཕྱིན་པ་བཅས་ལ་བརྟེན། སྔོན་དཔག་བྱས་ན་གཞི་ཁྱོན་ཡན་གྱི་བཟོ་ལས་དང་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་དེ་ཁག་སོ་སོར་10%དང་15%ཡན་འཕར་བཟོ་ཡོད།

    —— གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁུལ་ཁོངས་སྔར་བས་མཐུན་སྦྱོར་ལྡན་པ། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རྒྱལ་ཁོངས་ས་ཆའི་བར་སྟོང་གི་འཆར་འགོད་ཡག་པོ་བཟོས་པ་དང་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་བསྟར་གྱིས་ཁང་པ་ཚང་སྒྲིག་ཁྲི་2.19གསར་རྒྱག་བྱས་པ་དང་ཁུལ་ཆུང་རྙིང་པ་65ལ་སྒྱུར་བཀོད་བྱས་ཡོད། སྔོན་དཔག་བྱས་ན་རྒྱུན་སྡོད་མི་འབོར་དེ་གྲོང་ཁྱེར་གྲོང་རྡལ་ཅན་དུ་འགྱུར་ཚད་38%ཡན་ཟིན་བཟོ་ཡོད་པ་དང་། མི་ཕྱུགས་ལོགས་དབྱེའི་དུད་ཚང་ཁྲི་7.7གསར་བཟོ་སྒྱུར་སྐྲུན་བྱས་པ་དང་དུད་ཚང་ཁྲི་4ཡི་གསང་སྤྱོད་བཟོ་བཅོས་བརྒྱབ་པ། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་220བསྐྲུན་པ། གྲོང་ཚོ(གྲོང་ལྷན)ཁག་1308ཀྱི་རྣམ་པ་རྙིང་པ་གསར་པར་སྒྱུར་བ། ཞིང་འབྲོག་མང་ཚོགས་ཀྱི་རྣམ་གསར་བྱ་སྤྱོད་སྤེལ་རྒྱུར་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཁས་ལེན་གང་ལེགས་གནང་བ། འགྱུར་ལྡན་གྱི་ལྟ་ཞིབ་ཚད་ལེན་དང་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས་དབུལ་སྒྲོལ་དུད་ཚང་གི་མི་རེའི་ཆ་སྙོམས་ཁེར་གཙང་ཡོང་འབབ་15%ཡན་འཕར་ཡོད།

    —— ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་སོང་བ། ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་གི“ལས་གཞི་ཨང་དང་པོར”སྐུལ་འདེད་བཏང་བ་དང་། “འགུགས་གཉིས་འདྲེན་གཉིས”ཀྱི་བོད་སྐྱོར་གྲགས་རྟགས་བཏོད་དེ་ཚོང་འགུག་མ་འདྲེན་གྱི་མ་དངུལ་དོན་འཁྱོལ་བྱུང་ཚད་དེ་སྒོར་དུང་ཕྱུར་500ལས་བརྒལ་ཡོད། “ཆེས་བཞིའི”དཔེ་བསྡུར་བྱ་སྤྱོད་སྤེལ་ནས་སྲིད་འཛིན་ཞིབ་མཆན་འགོད་པའི་དོན་ཚན་ཕྱེད་ཀ་ཙམ་ཉུང་དུ་བཏང་བ་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཞིབ་བཤེར་ས་ཚིགས་ཀྱི་ཞིབ་བཤེར་བྱེད་སྟངས་ལ་སྒྱུར་བཅོས་བྱས་ནས་རླངས་འཁོར་ཤར་བགྲོད་ཐུབ་རྒྱུར་འགན་ལེན་བྱས་པ། ཁྲལ་རིན་གཉིས་གཅོག་དང་ཁྲལ་སློག་གྲོན་འགྱངས་སྒོར་དུང་ཕྱུར་46.2མང་དུ་སོང་བ། ཁེ་ལས་འབྲིང་ཆུང་གི་ཆད་དངུལ་སྒོར་དུང་ཕྱུར་46གཙང་སྤྲོད་བྱས་པ། ཁེ་ལས་སྐྱེད་སྲིང་གི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལག་ལེན་བསྟར་ནས་ཐད་ཀར་མ་དངུལ་སྒོར་དུང་ཕྱུར་135བསྡུ་རྒྱུག་ཐུབ་པ། སྣུམ་རིན་དང་གློག་རིན་ལ་ལེགས་སྒྲིག་གང་ཐུབ་བྱས་ནས་ཆབ་མདོ་དང་མངའ་རིས་ཀྱི་བཅོས་སྣུམ་རིན་གོང་དེ་ལྷ་སའི་རིན་གོང་དང་བསྡུར་ན་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་སོང་བ། ལྗོངས་ཡོངས་ཀྱི་གྲོང་མི་དང་བཟོ་ཚོང་ལས་རིགས་ཀྱི་ཕྱོགས་བསྡུས་གློག་སྤྱོད་མ་གནས་དེ་ཁག་སོ་སོར་13%དང་14%མར་བཅག་པ། མཐའ་མཚམས་ཤང་དང་གྲོང་རྡལ་གྱི་གློག་རིན་ཕྱེད་ཀ་མར་བཅག་པ། ས་མཐོའི་ཁྱད་ལྡན་ཐོན་ལས་མིང་གཞུང་གི་གློག་རིན་གཅོག་ཚད་མཐོ་ཤོས་དེ་64%ཟིན་པས་སྔོན་དཔག་བྱས་ན་ལོ་ལྟར་གློག་སྤྱོད་མ་གནས་སྒོར་དུང་ཕྱུར་5ཆག་བཟོ་ཡོད་པ་བཅས་སོ།

    —— དམངས་འཚོའི་བདེ་རྩར་འགན་སྲུང་ནུས་ལྡན་བྱས་པ། གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དོན་ཚན་ཁག་16བཟོ་འདོན་བྱས་པ་དང་། ཞིང་འབྲོག་པ་མི་གྲངས་ཁྲི་64.7གཞན་སྒྱུར་ལས་ཞུགས་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་65.6ཟིན་པ། ལོ་འདི་གའི་མཐོ་རིམ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་མི་གྲངས་3605ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ། ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་མ་གསར་པ་ཁྱོན་605བསྡུ་རྒྱུའི་འཆར་གཞི་བཟོས་པ། སྨན་བཅོས་མཉམ་འབྲེལ་ཚོགས་པ་དང་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་སྤེལ་བཏང་བ། རྒྱལ་ཁབ་རིམ་པའི་སྨན་བཅོས་ལྟེ་གནས་ཁག་2མང་དུ་བཏང་བ། ཐུམ་བུའི་ནད་གཞི་བཅོས་དགོས་རིགས་ཚང་མ་བཅོས་པ་དང་གྲུམ་བུ་ཚིགས་ཆེན་གྱི་ནད་གཞི་བཅོས་འདོད་ཡོད་པ་ཚང་མ་བཅོས་པ། གཞི་རྩའི་སྨན་བཅོས་འགན་བཅོལ་དེ་ཞིང་ཆེན་རིམ་པས་སྔོན་ལ་གཅིག་གྱུར་འཆར་འགོད་བཟོ་རྒྱུ་མངོན་འགྱུར་བྱུང་བ། ལུས་རྩལ་བདམས་ཐོན་པར་འགྲན་བསྡུར་ཆེ་གྲས་ནང་བྱ་དགའི་རྟགས་མ་109ཐོབ་ཡོད། བོད་ལྗོངས་མཛེས་རྩལ་ཁང་དང་ཟློས་གར་ཁང་ཆེན་མོ་སྤྱོད་འགོ་ཚུགས་ནས་རིག་གནས་དམངས་ཕན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད།

    —— སྐྱེ་ཁམས་ཀྱི་རྣམ་པ་ཇེ་བཟང་དུ་སོང་བ། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་120ལེགས་སྒྲུབ་ཟིན་པའི་ནང་ལྷ་སའི་ལྷོ་བྱང་གི་རི་བོ་སྔོ་སྒྱུར་བྱས་པ་མུའུ་ཁྲི་24ཡོད་པ་དང་། རྩྭ་ཐང་ཞན་འགྱུར་མུའུ་ཁྲི་614སླར་གསོ་བཅོས་སྐྱོང་བྱས་པ། འཁྱགས་རོམ(གངས་འཁྱགས)དང་འཁྱགས་མཚོའི་ཐོན་ཁུངས་ཀྱི་གདིང་གཞིར་བརྟག་དཔྱད་བྱ་རྒྱུ་ལེགས་སྒྲུབ་བྱུང་བ། གཏེར་ཁའི་ལས་རིགས་གཉེར་དབང་ལ་ཕྱོགས་ཡོངས་ནས་གཙང་བཤེར་ལེགས་སྒྲིག་བྱས་ཏེ་གཏེར་ཁའི་ལས་རིགས་གཉེར་དབང་217ཁྲིམས་ལྟར་རིན་མེད་ཐོག་བསྡུ་ལེན་བྱས་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་ཞིབ་བཅོས་སྒྲིག་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ། རྒྱལ་སྤྱིའི་ལག་ཁྱེར་ལྗང་ཁུ་ཉོ་ཚོང་དང་ནགས་རྩྭ་ཐཱན་འདུས་ཀྱི་ཉོ་ཚོང་ལེགས་སྒྲུབ་བྱུང་བ། ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་99%ཡན་ཟིན་པ། གཙང་པོ་དང་ཆུ་བོ། མཚེའུ་གཙོ་གྲས་ཀྱི་ཆུ་སྤུས་དེ་IIIརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་བྱུང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ་ཁག་4མང་དུ་སོང་བ། ས་གནས(གྲོང་ཁྱེར)བདུན་གྱི་སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་དམིགས་ཚད་དེ་སྔ་སྣུར་དུ་མངོན་འགྱུར་བཅས་བྱུང་ཡོད།

    —— མཐའ་དར་དམངས་ཕྱུག་ལ་གྲུབ་འབྲས་གཟེངས་སུ་ཐོབ་པ། སྨན་གླིང་དང་མཚོ་སྣ་རྫོང་གཉིས་གྲོང་ཁྱེར་ལ་བསྒྱུར་བ་དང་། མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་ལྟེ་བའི་གྲོང་ཁྱེར་གྲོང་རྡལ་གང་མགྱོགས་འཛུགས་སྐྲུན་བྱས་པ། རིག་ནུས་མཐའ་སྲུང་ལ་སྐུལ་སྤེལ་ནུས་ལྡན་བཏང་བ། མཐའ་མཚམས་གྲོང་གསེབ་ཀྱི་མཁྲེགས་ལམ་ཤར་གཏོང་ཐུབ་ཚད་དེ་ཁག་སོ་སོར་97%དང་87%དང་། སྒྲིག་ཚུད་གྲོང་ཚོ་དང་བྱིས་གསོ་ཁང་ལ་གློག་ཁེབས་ཚད་དེ་ཁག་སོ་སོར་96%དང་96.5%ཟིན་པ། མཐའ་མཚམས་ཀྱི་མི་འབོར་དང་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་བ་བཅས་བྱུང་ཡོད།

    འཐུས་མི་རྣམ་པ། ལོ་གཅིག་རིང་། ང་ཚོས་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་དང་། “ཧི་མ་ལ་ཡ་བསྐོར་བའི”གླེང་སྟེགས་སྐབས་གསུམ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་བོད་ཀྱི་གླེང་སྟེགས་སྐབས་དང་པོ། གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་དང་པོ་བཅས་གཉེར་བ་མ་ཟད། 《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་བསྟར་ཕྱོགས་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་མཉམ་འབྲེལ་ཐོག་འགྲེམས་སྤེལ་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ལ་མངོན་པར་བྱས་ཡོད།

    འཐུས་མི་རྣམ་པ། ལོ་གཅིག་རིང་། ང་ཚོས་རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་སྲུང་སྐུལ་སློང་དང་། གཉིས་བཀུར་མཉམ་སྐྲུན། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་སྲུང་ལ་དམ་འཛིན་ནན་པོ་བཅས་བྱས་ཡོད། མཐོ་རིམ་ཤེས་ལྡན་པ་146ནང་འདྲེན་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་ཡོད། ཁ་གཏད་རོགས་སྐྱོར་དང“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ཀྲུང་དབྱང་ཚན་པ་དང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་76གིས་སྔ་རྗེས་སུ་བོད་དུ་རྟོག་ཞིབ་གནང་ཞིང་། གྲོས་མཐུན་ལ་མིང་རྟགས་བཀོད་དེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་འགྲོ་བར་གསོན་ཤུགས་གསར་པ་སྦྱིན་ཡོད།

    འཐུས་མི་རྣམ་པ། ལོ་གཅིག་རིང་། ང་ཚོས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་དང་། བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་ནས་དངོས་ཡོད་ཀྱི་གནད་དོན་ཁག་6100ལྷག་ཙམ་ཐག་གཅོད་བྱས་པ་དང་། སྤྱོད་ཚུལ་སྔར་བས་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ནན་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཡོད། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་སྤེལ་བཏང་ནས་སྲིད་གཞུང་གི་ལས་ཀའི་ལམ་སྲོལ་ལ་དག་བཅོས་དང་། སྲིད་གཞུང་གི་སྒྲིག་སྲོལ་ཁག་4བཟོ་འདོན། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གྲོས་ཞིབ་ཁག་8གྲོས་ཞིབ་བྱ་རྒྱུར་ཕུལ་བ་བཅས་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་ཁག་235དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ཁག་254བསྒྲུབས་ཡོད། ལྗོངས་ཕྱིར་བཅའ་སྡོད་དོན་བྱེད་ལས་ཁུངས་ལ་གཙང་བཤེར་བྱས་ནས་བསྡུ་སྒྲིལ་བཏང་བ་དང་། རིམ་ཁག་ལས་ཁུངས་82ཁུ་བསྡུ་དང་མེད་པར་བཟོས་ཡོད།

    འཐུས་མི་རྣམ་པ། ལོ་གཅིག་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་གོང་འཕེལ་གྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་བར་དམིགས་ཏེ། ངལ་བ་དང་ལེན་དང་བསམ་པ་དོན་གཉེར་གྱི་ཐོག་ནས་གནོན་ཤུགས་རྒྱུན་ཐེག་ཁྲོད་སླར་གསོ་ལེགས་འཕེལ་གྱི་ཕྱོགས་སུ་བསྐྱོད་ཅིང་། ཕུགས་འཕེར་དང་འབྲེལ་བ་ཡོད་པའི་གཅུར་འགག་གི་དཀའ་གནད་ཁག་གཅིག་ཐག་གཅོད་བྱས་པ་མ་ཟད། མིག་མཐོང་ལག་ཟིན་གྱི་བྱ་བ་དངོས་དང་བྱ་བ་བཟང་པོ་མང་པོ་ཞིག་བསྒྲུབས་ཡོད། གྲུབ་འབྲས་དེ་ལྟ་བུ་ཐོབ་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་ཕྱོགས་གསལ་སྟོན་དང་ཐུགས་ཁུར་གཟབ་བཞེས་གནང་བའི་འབྲས་བུ་ཡིན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་རྣམས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཡིན་ལ། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམ་པའི་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུའང་ཡིན། འདིར་ངས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཨུ་ཡོན། བོད་དུ་བཅའ་སྡོད་ཀྲུང་དབྱང་ལས་ཁུངས། བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་ཚན་པ། ལས་འཁྱུར་ངལ་གསོ་བསྐྱོན་མཁན་བློ་མཐུན་རྒན་གྲས། བོད་སྡོད་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་དཔུང་སྡེ་བཅས་དང་། དེ་བཞིན་བོད་ཀྱི་གོང་འཕེལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མི་དམངས་ཚོགས་པ་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་རྣམ་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    དུས་མཚུངས། ང་ཚོས་ངོས་འཛིན་གསལ་པོ་བྱེད་དགོས་པ་ནི། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་ཤུགས་ཆེ་རུ་གཏོང་བ་དང་སྦྲགས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་ཆེད་གོ་སྐབས་སྔར་བས་དམ་འཛིན་དང་གཏིང་ཤུགས་སྔོག་འདོན་བྱེད་དགོས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མཐའ་བརྟན་མཐའ་དར་དམངས་ཕྱུག་ཐད་ད་དུང་ཆད་སྐྱོན་དང་ཞན་ཆ་མི་ཉུང་བ་ཞིག་དང་། དམངས་འཚོའི་ཁྱབ་ཁོངས་སུ་སྔར་བཞིན་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁག་གཅིག་ཡོད་པ། ལས་བྱེད་པ་རེ་ཟུང་གི་འགན་འཁྲི་འཁུར་སེམས་མི་འདང་བ་དང་སྔོན་ཐོན་བརྩོན་ལེན་གྱི་འདུ་ཤེས་ཟབ་མོ་མེད་པའི་ཁར། “མི་རུང་བ་གསུམ”གྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་ལས་འགན་ལྕི་ལ་ལམ་ཐག་རིང་བ་བཅས་ཡོད། གནད་དོན་དེ་དག་ལ་ང་ཚོས་ཚད་མཐོའི་མཐོང་ཆེན་བྱས་ནས་ཁ་གཏད་ནུས་ལྡན་གཅོག་རྒྱུ་དང་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན།

    2024ལོའི་ལས་དོན་བཀོད་སྒྲིག

    འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་དང་། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་རྒྱུའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན། ད་ལོའི་སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་བཀོད་སྒྲིག་ལྟར། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུས་གཙོ་རྐང་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པར་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་དང་དེར་ཞབས་ཞུ་སྒྲུབ་པ། “དོན་ཆེན་བཞིར”དམ་པོར་དམིགས་ཏེ“འཛུགས་གཏོད་བཞིའི”ཐད་ནུས་ཤུགས་གཅིག་ཏུ་བསྒྲིལ་བ། “མངོན་པ་གསུམ་དང་ཕན་ཡོད་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱེད་པ། ནང་མཁོ་རྒྱ་ཆེར་གཏོང་རྒྱུ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་གཉིས་གཅིག་གྱུར་ཐོག་འཆར་འགོད་བྱེད་པ། རྣམ་གསར་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ་གཉིས་གཅིག་གྱུར་ཐོག་འཆར་འགོད་བྱེད་པ། སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་བདེ་འཇགས་གཅིག་གྱུར་ཐོག་འཆར་འགོད་བྱེད་པ་བཅས་ལ་བརྟེན། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གྱུར་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་མ་ཟད། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ་དེ་ཡིན།

    སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དེ་8%ཡས་མས་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་དེ་13%ཡས་མས། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་བྱེད་འབོར་དེ་10%ཡས་མས་བཅས་འཕར་བ་བྱ་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆར་མཚུངས་པ་བྱ་རྒྱུ། གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་འཕར་བ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་ཀྱི་རིན་གོང་འཕར་ཚད་དང་གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་ལས་ཀ་ཤོར་ཚད་དེ་ཁག་སོ་སོར་3%དང་5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱ་རྒྱུ་ཡིན།

    འཐུས་མི་རྣམ་པ། དེང་དུས་ཀྱི་བོད་ལྗོངས་ནི་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་བའི་འཐབ་ཇུས་ཀྱི་གོ་སྐབས་སུ་གནས་ཡོད། ཆབ་སྲིད་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། མི་འབོར་གྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ་བཅས་མཉམ་གནས་མཉམ་སྤེལ་དང་། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འབད་འབུངས་དོན་གཉེར་གྱི་སྙིང་སྟོབས་ཆེར་སྐྱེད་བྱེད་པ། གོང་འཕེལ་གྱི་ཆ་རྐྱེན་སྔར་བས་ལེགས་ཤིང་། མ་འོངས་པའི་མདུན་ལམ་ནི་ཡངས་ཤིང་རྒྱ་ཆེ་བ་བཅས་ཡོད། ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་སྒོ་ནས་གོང་འཕེལ་མཐའ་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་གནས་ལུགས་ཡང་དག་ཅིག་ཏུ་བརྩིས་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་བ། “བཟུང་ཆ་བརྒྱད”བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་རང་འགུལ་གྱི་དམག་འཐབ་ཡག་པོ་རྒྱག་དགོས། གཅིག་ནས་འཕྲལ་ཕུགས་གཉིས་གཅིག་གྱུར་འཆར་འགོད་ཀྱིས། གལ་ཆེའི་ཁྱབ་བཀོད་དང་ལས་སྟེགས་ཀྱི་སྔོན་ཇུས་ཡག་པོ་འདིང་རྒྱུ། རྒྱལ་ཁབ་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཁྱབ་བཀོད་ལེགས་སྒྲིག་ལ་དམིགས་ཏེ། མིག་རྒྱང་རིང་པོའི་ཐོག་ནས་རྒྱལ་ཁོངས་ས་ཆའི་བར་སྟོང་དང་། ཐོན་ལས་གོང་འཕེལ། རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་ཁྱབ་བཀོད་བཟོ་རྒྱུ་མ་ཟད། སྤུས་ཚད་མཐོ་བའི་སྒོ་ནས་གླིང་ཁུལ་ཁག་དང་། གསར་གཏོད་ལས་སྟེགས། སྒོ་དབྱེའི་ལྷུ་ཚིགས། བབ་བསྟུན་སྣེ་ཁྲིད་བཅས་ལ་བརྟེན་ནས་མཐའ་མཚམས་དཔལ་འབྱོར་དང་། ལམ་རྒྱུད་དཔལ་འབྱོར། ལུང་ཤུར་དཔལ་འབྱོར་བཅས་གོང་འཕེལ་བཏང་སྟེ། གོང་འཕེལ་གྱི་བཟང་ཆ་སྐྱོང་སྤེལ་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུ། གཉིས་ནས་གཅུར་འགག་ཐེབས་གཞིར་དམིགས་ཏེ། གལ་ཆེའི་སྲིད་ཇུས་དང་སྒྱུར་བཅོས་ལ་སྐུལ་སྤེལ་བརྟན་པོ་གཏོང་རྒྱུ། གོང་འཕེལ་ཁྲོད་ཀྱི་འགལ་བ་དང་མངོན་ཆེའི་གནད་དོན་གཙོ་བོར་དམིགས་ཏེ། “བརྟན”དང“འཕེལ”གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་དང་། འཛུགས”དང“གཏོར”གཉིས་ཀྱི་གོ་རིམ་མ་འཕྱུགས་པར། སྲིད་ཇུས་ཀྱི་འདེགས་སྐྱོར་དང་སྒྱུར་བཅོས་ཏན་ཏིག་བྱས་ནས་གོང་འཕེལ་ཁྲོད་ཀྱི་དཀའ་ངལ་ཐག་གཅོད་བྱས་ཏེ། གོང་འཕེལ་གྱི་སྒུལ་ཤུགས་ཇེ་ཆེར་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུ། གསུམ་ནས་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་གྱིས། གལ་ཆེའི་ལས་གཞི་དང་རྣམ་གྲངས་ལག་བསྟར་གང་མགྱོགས་བྱ་རྒྱུ། རྒྱལ་ཁབ་ཀྱི་ངེས་གནས་དང་བོད་ཀྱི་དགོས་མཁོར་དམིགས་ཏེ། རྒྱལ་བུན་དང་སྲིད་གཞུང་གི་ཆེད་དམིགས་བུ་ལོན་སོགས་ཕན་ཡོད་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས་ནུས་ཤུགས་ཡོད་རྒུས་གཙོ་གྲས་ལས་གྲྭར་ཞབས་ཞུ་དང་འགན་སྲུང་བྱ་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྣམ་གྲངས་གང་མགྱོགས་ལག་བསྟར་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”གཙོ་གནད་ལས་གཞི་སྔ་སྣུར་དུ་ཇུས་འགོད་བྱས་ཏེ། གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བ་བྱ་རྒྱུ། ང་ཚོས་སེམས་ནང་གདེང་ཚོད་ཡོད་པ་དང་། ལག་ཏུ་ཐབས་ཇུས་ཡོད་པ། བྱ་སྤྱོད་ནུས་ལྡན་སྤྱོད་པ་བཅས་བྱས་ཚེ། སང་ཉིན་གྱི་བོད་ལྗོངས་དེ་ཉིད་མཛེས་སྡུག་རྣམ་པར་བཀྲ་བ་ཞིག་ཡོང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད།

    འདི་ལོར་གཤམ་གསལ་ཕྱོགས་བདུན་ཐད་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་སྟེ།

    (གཅིག)མི་སེམས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ།

    མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་རྒྱུ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་གང་ཐུབ་དང་། གསར་བརྗེའི་ཐོན་ཁུངས་དང་དེང་རབས་ཀྱི་དཔེ་མཚོན་སྔོག་འཚོལ་བྱས་ནས“ཇ་ཚྭ”ལྟ་བུའི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ། མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བེད་སྤྱོད་བྱེད་པའི་འདུ་ཤེས་དང་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། དུས་རབས་གསར་པ་དང་དུས་མཚམས་གསར་པའི་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབས་ཏེ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་ཇེ་ཟབ་ཡོང་བ་བྱ་རྒྱུ།

    ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུ། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་གྱུར་བར་སྐུལ་འདེད་ཤུགས་ཆེན་གཏོང་བ། ཆོས་ལུགས་ཀྱི་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར་བྱེད་པར་དམ་འཛིན་བཅས་བྱ་རྒྱུ། “འདུ་ཤེས་གསུམ”གྱི་སློབ་གསོ་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་ནས“དཔུང་ཁག་གསུམ”སྟོབས་ཆེར་གཏོང་རྒྱུ། དགོན་སྡེའི་དོ་དམ་ཨུ་ལྷན་གྱི་འགན་ནུས་སྒྲུབ་ཤུགས་ཆེ་རུ་གཏོང་རྒྱུ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།

    སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ། ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁ་ཕྲལ་སིམ་འཛུལ་གྱི་གཏོར་བཤིག་བྱེད་སྤྱོད་རིགས་ལ་དོགས་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་རྒྱུ། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”དང“ཧྥུའུ་ཅང་གི་ཉམས་མྱོང”དར་སྤེལ་བཏང་ནས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེའི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་པ་དང་། བཟའ་བཅའ་དང་སྨན་རྫས་ལ་ལྟ་འདོམས་ནན་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོང་གང་ཐུབ་བྱ་རྒྱུ།

    ང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དེ་ལས་དོན་ཁག་གི་གཙོ་རྐང་དུ་བྱས་ནས་ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ། སྤུས་ཚད་མཐོ་བའི་བདེ་འཇགས་ཀྱི་ཐོག་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་འགན་སྲུང་བྱ་རྒྱུ་ཡིན།

    (གཉིས)མ་འཇོག་ཇེ་བརྟན་དང་འཛད་སྤྱོད་ཇེ་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། གོང་འཕེལ་གྱི་ལེགས་ཆ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུ།

    མ་འཇོག་བརྟན་འཕར་ཡོང་བ་མཐའ་འཁྱོངས་བྱ་རྒྱུ། ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར་800དོན་འཁྱོལ་བྱས་ནས་ཁྲོན་བོད་ལྕགས་ལམ་གྱི་བོད་ལྗོངས་ལམ་རྒྱུད་དང་། G4218ཀྱི་སེང་གེ་ཁ་འབབ་གྲོང་རྡལ་ནས་དགུན་ས་གནམ་ཐང་བར་གྱི་ལམ་རྒྱུད། G219ལམ་རྒྱུད་ཀྱི་མེ་ཏོག་ནས་རྫ་ཡུལ་བར་གྱི་དུམ་བུ། G318སྤུས་ཚད་ལེགས་གཏོང་བསྒྱུར་བཀོད་སོགས་ཀྱི་གལ་ཆེའི་རྣམ་གྲངས་འཛུགས་སྐྲུན་གང་མགྱོགས་བྱ་རྒྱུ། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ། སྤོ་མེས་ནས་ར་འོག་བར་གྱི་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གོར་ལྷ་བར་གྱི་གློག་དང་སོལ་རླངས་བཟོ་བཀོད་རྣམ་གྲངས་ལས་འགོ་འཛུགས་ཐུབ་པ་བྱ་རྒྱུ། སྤྱི་སྤྱོད་གནམ་ཐང་10དང་གནས་སྐབས་འབབ་འཕུར་བྱེད་གནས་47གསར་སྐྲུན་བྱེད་འགོ་འཛུགས་རྒྱུ། འབྲི་ཆུའི་སྟོད་རྒྱུད་དང་བོད་ཤར་ལྷོ་སོགས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་དང་ཕྱིར་གཏོང་གློག་ལམ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ། བར་རྩེ་དང་ཕོད་མདོའི་ཆུ་འདྲེན་སོགས་ཀྱི་ཆུ་བེད་ལས་གྲྭ་ལག་བསྟར་ཡག་པོ་བྱ་རྒྱུ། སྡེ་ཁུལ་དང་མཛེས་ལྗོངས་ཁུལ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ལམ་རྒྱུད་བཅས་སུ་གློག་གསོག་གི་རྨང་གཞིའི་སྒྲིག་བཀོད་གང་མགྱོགས་སྒྲིག་སྦྱོར་བྱ་རྒྱུ། འཛད་སྤྱོད་ཀྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱ་རྒྱུ། ཆེད་དམིགས་མ་དངུལ་མུ་མཐུད་བཀོད་སྒྲིག་བྱས་ཏེ། འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ། རླངས་འཁོར་དང་ཁྱིམ་ཆས་གཤམ་སྐྱེལ་གྱི་བྱེད་སྒོ་སྤེལ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་དང་གློག་རྡུལ་ཐོན་རྫས་བེད་སྤྱོད་བྱེད་པར་སྐུལ་མ་གཏོང་རྒྱུ། རྙིང་ཚབ་གསར་བརྗེའི་ཁ་གསབ་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། མཚན་མོའི་ཁྱད་ལྡན་འཛད་སྤྱོད་ཁྲོམ་ལམ་འཛུགས་གཉེར་བྱས་ཏེ། “ཀྲུང་ཧྭའི་ཟས་མཆོག·བོད་ཀྱི་བྲོ་ལྡན”ཞིམ་ཟས་ཁྲོམ་གཞུང་གི་གྲགས་རྟགས་སྟོབས་ཆེར་གཏོང་རྒྱུ། ཚོང་ཁང་ཐོག་མ་བ་དང་། མུ་སྦྲེལ་ཚོང་ཁང་། སྟབས་བདེའི་ཚོང་ཁང་བཅས་འཛུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གོང་འཕེལ་གཏོང་རྒྱུ་དང་མཁའ་འགྲུལ་ཁུལ་གསར་གྱི་གྲང་ཕྲེང་ཟོག་འགྲེམས་རྟེན་གཞི་འཛུགས་རྒྱུ། བོད་ལྗོངས་འཛད་སྤྲོད་ཚོགས་པ་བེད་སྤྱོད་ཡག་པོ་བྱ་རྒྱུ། “འགྲིམ་སྦྲག་མཉམ་སྤེལ”དང“སྦྲག་མྱུར་མཉམ་སྤེལ”ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་སྐྱེལ་མ་ལག་བཙུགས་ཏེ། ཟོག་འགྲེམས་ཤར་གཏོང་ཐུབ་ཚད་དང་སྡེབ་སྐྱེལ་ལས་ཕྱོད་ཆེ་རུ་གཏོང་རྒྱུ། གྲོང་ཁྱེར་དུ་ཞིང་ལས་ཐོན་རྫས་སྐྱེལ་བ་དང་གྲོང་གསེབ་ཏུ་འཛད་སྤྱོད་ཐོན་རྫས་སྐྱེལ་བར་སྐུལ་ཁྲིད་བྱས་ཏེ། སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་འཚོང་བྱེད་འབོར་དེ་སྒོར་དུང་ཕྱུར་སྟོང་ཕྲག་ལས་བརྒལ་ཐུབ་པ་བྱ་རྒྱུ།

    ང་ཚོས་ནུས་ལྡན་མ་འཇོག་དེ་བས་རྒྱ་ཆེར་གཏོང་རྒྱུ་དང་གཏིང་ཤུགས་འཛད་སྤྱོད་ལ་སྐུལ་སྤེལ་བཏང་སྟེ། གོང་འཕེལ་གྱི་སྔོན་དཔག་དེ་བས་གནད་དུ་འཁེལ་བ་དང་། ཡིད་ཆེས་དེ་བས་བརྟན་དུ་གཏོང་བ། གསོན་ཤུགས་དེ་བས་འཕེལ་ཐུབ་པ་བཅས་བྱ་རྒྱུ་ཡིན།

    (གསུམ)ཁེ་ལས་འཛུགས་གཉེར་དང་ཐོན་ལས་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། གཏིང་ཤུགས་ཀྱི་ལེགས་ཆ་སྔོག་འདོན་གང་ཐུབ་བྱ་རྒྱུ།

    ཁེ་ལས་སྐྱེད་སྲིང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “ཐོན་ལས་རེར་སྲིད་ཇུས་རེ་དང་ཁེ་ལས་རེར་སྲིད་ཇུས་རེ་ཡོད་པ”བྱས་ཏེ། སྣེ་འདྲེན་ཁེ་ལས་འཛུགས་གཉེར་གྱི་ལས་གཞི་ལག་བསྟར་ཤུགས་ཆེན་བྱ་རྒྱུ། “སྐལ་བཟང་མེ་ཏོག་བྱ་སྤྱོད”མུ་མཐུད་སྤེལ་ཏེ། 

    གོ་རིམ་ལྡན་པའི་ངང་དེང་རབས་མ་རྩའི་ཁྲོམ་ར་ཧུར་ཐག་འཛུགས་རྒྱུ། སྣེ་འདྲེན་ཁེ་ལས་10དང་“ཆེད་ཞིབ་ཁྱད་གསར”གྱི་གསར་དར་ཁེ་ལས་འབྲིང་ཆུང་10འཛུགས་སྤེལ་དང་། ཁྲོམ་ཞུགས་ཁེ་ལས་2མང་དུ་གཏོང་རྒྱུ། དངུལ་རྩའི་ལས་ཁུངས་ནས་ཁེ་ལས་ཆུང་གྲས་དང་དམངས་གཉེར་དཔལ་འབྱོར་གོང་འཕེལ་གཏོང་བར་རྒྱབ་སྐྱོར་གང་ཐུབ་བྱ་རྒྱུ། ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དྲིལ་བསྒྲགས་དང་། གསལ་འགྲེལ། དོན་འཁྱོལ་བཅས་ལ་དམ་འཛིན་ནན་པོ་བྱས་ནས། གཉེར་སྐྱོང་བྱེད་པོས་ཤེས་དགོས་ཚད་ཤེས་པ་དང་ལོངས་སུ་སྤྱོད་ཐུབ་ཚད་སྤྱོད་ཐུབ་པ་བྱ་རྒྱུ། སྲིད་གཞུང་དང་གཞུང་ཁོངས་ཁེ་ལས་ཀྱིས་སྣེ་འཁྲིད་དེ། ཁེ་ལས་འབྲིང་ཆུང་གི་ཆད་དངུལ་གཙང་སྤྲོད་བྱས་ནས་འདི་ལོའི་ལོ་སྟོད་དུ་གཙང་བཤེར་བྱེད་དགོས་ཚད་ཚང་མ་གཙང་བཤེར་ཐུབ་པ་བྱ་རྒྱུ།

    ཁྱད་ཆོས་མངོན་ཆེར་བཟུང་ནས་ཐོན་ལས་སྟོབས་ཆེར་གཏོང་རྒྱུ། ཐོན་ལས་ཕྲེང་འབྲེལ་དཔོན་གྱི་ལམ་ལུགས་ནན་དུ་ཏན་ཏིག་བཏང་ནས་ཕྲེང་སྦྲེལ་སྣུར་སྲིང་དང་། རིམ་སྤོར། གསར་འཛུགས། ཆད་གསབ་བཅས་ཀྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེ་བྱ་རྒྱུ། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་གཞིར་བརྟེན་ཞིང་། “རྫོང་ཡོངས་སྐུལ་འདེད་གཏོང་ཐབས”ལ་བརྟེན་ནས་ས་ཁོངས་ཐོན་ལས་ཀྱི་ཁྱབ་བཀོད་འཆར་འགོད་བྱ་རྒྱུ། ལས་གཞི་ཆེན་པོར་བརྟེན་ནས་ཐོན་ལས་ཆེན་པོ་དར་སྤེལ་གྱིས་གོང་འཕེལ་ཆེན་པོ་ཡོང་བར་སྐུལ་ཁྲིད་བྱ་རྒྱུ། གསར་དར་བཟོ་ལས་ལ་སྐུལ་སྤེལ་གཏོང་རྒྱུའི་ལག་བསྟར་བསམ་འཆར་བཟོས་ནས་གཞི་ཁྱོན་ཅན་གྱི་ཐོན་ལས་དང་གྲངས་འཛིན་དཔལ་འབྱོར་གྱི་འཕར་ཐང་ཁག་སོ་སོར་10%ཡན་འཕར་བ་བྱ་རྒྱུ། ཆེད་དམིགས་བུ་ལོན་གྱིས་གཙོ་བོ་བྱས་པའི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ཏེ། གློག་ཤུགས་འཕྲུལ་ཚན་25%ཡན་འཛུགས་ཐུབ་པ་བྱ་རྒྱུ། ཟངས་དང་ལི་སོགས་ཀྱི་ཐོན་ཁུངས་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས་གཏེར་ཁ་ལེགས་གྲས་འདོན་ནུས་ཆེ་རུ་བཏང་ནས་སྤུས་ཕན་གཉིས་འཕར་ཡོང་བ་བྱ་རྒྱུ། རིག་གནས་སྟོབས་ཆེའི་ཁུལ་གང་མགྱོགས་བསྐྲུན་ནས་རིག་གནས་ཐོན་ལས་སྐྱོང་སྤེལ་དང་སྟོབས་ཆེར་གཏོང་རྒྱུ། རིག་གནས་ཡུལ་སྐོར་དང་ལུས་གསོ་སོགས་ཀྱི་ཁྱད་ལྡན་ལེགས་ཆ་བཏོན་ཏེ་འཕར་གཞི་གསར་པ་འཚོལ་ཞིབ་བྱ་རྒྱུ། G318དང་། G219 G349སོགས་ཡུལ་སྐོར་ལམ་ཐིག་གི་ལེ་ལག་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་ཡུལ་སྐོར་མཛེས་ལྗོངས་རྩེ་གྲ10ཡན་གཏོད་རྒྱུ། བོད་སྨན་ཁམས་གསོའི་ལུས་རིད་དང་རྒྱལ་སྒྲོལ་ཡུལ་སྐོར་སོགས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་10ཡན་བཟོ་འདོན་བྱ་རྒྱུ། ཁྱད་ལྡན་གྲོང་གསེབ་ཁག་15བསྒྱུར་བཀོད་རིམ་སྤོར་བྱ་རྒྱུ། ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་དང་གྲགས་རྟགས་གཏོད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ། རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་20%ཡན་འཕར་བ་བྱ་རྒྱུ་དང་། ཡུལ་སྐོར་སྣེ་ལེན་གྱི་མི་ཐེངས་དང་ཡོང་འབབ་ཁག་སོ་སོར་13%ཡན་འཕར་བ་བྱ་རྒྱུ།

    ང་ཚོས་སྤུས་ཚད་ཀྱིས་འདེགས་སྐྱོར་དང་ཚད་གཞིས་ཁྲིད་སྟོན་བྱེད་པར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་མཐོར་གཏོང་བཅས་བྱས་ནས། ཁྱབ་ཁོངས་གསར་པ་དང་འགྲན་རྩོད་གསར་པའི་ནང་ས་མཐོའི་ཁྱད་ལྡན་ཐོན་ལས་ཀྱི་ནུས་པ་གང་ཐུབ་འདོན་པ་དང་ཁྱད་ཆོས་གང་ཐུབ་མངོན་ཐུབ་པ་བྱ་རྒྱུ་ཡིན།

    (བཞི)གྲོང་ཁྱེར་དང་གྲོང་རྡལ་དར་སྤེལ་བཏང་ནས་གྲོང་གསེབ་ལ་སྐུལ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས། མཐུན་སྦྱོར་གོང་འཕེལ་ལ་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ།

    གྲོང་གསེབ་དར་རྒྱས་ལ་དམ་འཛིན་ནན་པོ་བྱ་རྒྱུ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20བསྐྲུན་ནས་འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཀྲོན་ཁྲི་100ཡན་ཟིན་ཐུབ་པ་བྱ་རྒྱུ། ཐོན་མཐོའི་གཟན་རྩྭའི་རྟེན་གཞི་མུའུ་ཁྲི་6བསྐྲུན་ཐུབ་པ་དང་ས་གྲོལ་གཟན་རྩྭ་འདེབས་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ། ཞིང་པར་རོགས་སྐྱོར་དང་ཞིང་ལས་དར་རྒྱས་གཏོང་རྒྱུ་འགན་གཙང་སྤྲོད་པའི་ལམ་སྲོལ་འཛུགས་རྒྱུ་དང་། ངར་སྐུལ་སྲིད་ཇུས་བཟོ་འདོན་བྱས་ནས་ཆེད་ལས་མཉམ་ལས་ཁང་དང་། ཁྱིམ་ཚང་འབྲོག་ར། སྣེ་འདྲེན་ཁེ་ལས་བཅས་ཚད་དང་མཐུན་ལ་གོ་རིམ་ལྡན་ཞིང་ཕན་ནུས་ལྡན་པའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ། “སྒོར་ཁྲིའི་མཉམ་ལས་ཁང་”10དང་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁང་30བཙུགས་ཏེ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་གྱི་སྤྱིའི་ཐོན་རྫས་རིན་ཐང་10%ཡན་འཕར་ཐུབ་པ་བྱ་རྒྱུ། དབུལ་ལོག་མི་ཐེབས་པའི་གནས་ཚུལ་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་ལག་བསྟར་གཏིང་ཟབ་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་བརྟན་པོ་བསྲུང་རྒྱུ། “ཁྲི་སྟོང་ལས་གཞིའི”ཉམས་མྱོང་སློབ་སྦྱོང་བྱས་ཏེ། “གནས་གཅིག་གིས་གཅིག”འཁྲིད་པའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་མཚོན་འཛུགས་རྒྱུར་དམ་འཛིན་ཡག་པོ་དང་། “གྲོང་ཚོ་སྟོང་གི་དཔེ་སྟོན”ལས་གཞི་ལག་བསྟར་ཤུགས་ཆེན། ཞིང་འབྲོག་པའི་རྣམ་པ་གསར་པ་འཛུགས་པ་སོགས་ཀྱི་ལས་འགུལ་ཆེན་པོ་བདུན་སྤེལ་ཏེ། མི་ཕྱུགས་ལོགས་དབྱེའི་དུད་ཚང་ཁྲི་3.8དང་དུད་ཚང་གི་གསང་སྤྱོད་ཁྲི་2.2བསྒྱུར་བཀོད་བྱ་རྒྱུ་མ་ཟད། བདེ་སྡོད་ལས་འཕྲོད་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཁག་300འཛུགས་སྐྲུན་བྱ་རྒྱུ།

    གྲོང་ཁྱེར་དང་གྲོང་རྡལ་གོང་འཕེལ་བྱེད་མགྱོགས་སུ་གཏོང་རྒྱུ། འགྲིམ་འགྲུལ་གྱི་མ་ལམ་དང་། གྲོག་རོང་གི་ལམ་རྒྱུད། མཐའ་མཚམས་ཀྱི་འཐབ་ས་དང་པོ་བཅས་ལ་དམིགས་ཏེ། ལྟེ་བའི་རྫོང་གྲོང་དང་སྦྲེལ་ཚིགས་གྲོང་ཁྱེར་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་པའི་ལས་འགུལ་སྤེལ་ནས་ཡུལ་སྐོར་གྲགས་ཅན་གྱི་རྫོང་དང་གྲོང་ཁྱེར་10དང་མུ་ཏིག་གྲོང་རྡལ་ཁག་གཅིག་འཛུགས་གཏོད་བྱ་རྒྱུ། ལྷ་སའི་གནའ་གྲོང་ལ་སྲུང་སྐྱོབ་དང་གྲོང་ཁུལ་རྙིང་པ་བསྒྱུར་བཀོད་རིམ་སྤོར་བྱེད་པའི་ལས་གྲྭ་སྤེལ་འགོ་འཛུགས་རྒྱུ། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་སྔོན་འགོག་བྱེད་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། ཡུལ་བབ་ལ་བསྟུན་ནས་ནུས་རྒྱུ་གཙང་མའི་དྲོད་རླངས་དང་གསོ་རླུང་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། འགན་སྲུང་རང་བཞིན་གྱི་ཁང་པ་ཚང་སྒྲིག་ཁྲི་3.95གསར་རྒྱག་མཐུད་སྐྲུན་དང་སྡེ་ཁུལ་རྙིང་གྲས་38ལ་བཟོ་བཅོས་རྒྱག་རྒྱུ། ཕྱོགས་འགྲུལ་མི་འབོར་ལ་དོ་དམ་དང་ཞབས་ཞུ་སྒྲུབ་ལུགས་འཐུས་ཚང་དུ་གཏོང་བ་དང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་གྲོང་རྡལ་ཅན་དུ་གྱུར་ཚད་39%ཡན་ཟིན་པ་བྱ་རྒྱུ།

    ས་ཁོངས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་རྒྱུ། “གྲོང་ཁྱེར་ལྔའི་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི”ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་འཛུགས་རྒྱུ། ས་གནས(གྲོང་ཁྱེར)བདུན་གྱི་ལེགས་ཆ་འདོན་སྤེལ་བྱེད་པར་ཁྲིད་སྟོན་བྱས་ཏེ། འཕར་གཞི་གསར་པ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་རྒྱུ། ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་མཉམ་འདྲེས་ཟབ་མོ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ལྷ་སའི་དངུལ་རྩའི་ཚོང་དོན་ཁུལ་དང་ཟོག་འགྲུལ་བསྡུ་འགྲེམས་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ། ནག་ཆུ་དང་མངའ་རིས་སུ་འབྱུང་འཕྲོད་སྐྱེ་ལྡན་གྱི་ཞིང་འབྲོག་ལས་གོང་འཕེལ་ཤུགས་ཆེ་གཏོང་བར་རྒྱབ་སྐྱོར་དང་། གཞིས་རྩེ་དེ་ཉིད་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ལྟེ་བའི་གྲོང་ཁྱེར་ཞིག་ཏུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར། ཉིང་ཁྲི་དེ་ཉིད་སྔོན་ལ་བསྒྱུར་བཅོས་སྒོ་དབྱེ་དང་ཁྱད་ཆོས་ལྡན་པའི་སྐྱེ་ལྡན་ཞིང་འབྲོག་ལས་མཁོ་སྤྲོད་འགན་ལེན་གྱི་རྟེན་གཞིར་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར། ཆབ་མདོ་དེ་ཉིད་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་ཀྱི་འགྲིམ་འགྲུལ་གྱི་ལྟེ་བ་དང་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གཏོད་རྒྱུར་རྒྱབ་སྐྱོར་བཅས་བྱ་རྒྱུ།

    ང་ཚོས་རྣམ་གསར་གྲོང་ཁྱེར་གྲོང་རྡལ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བའི་དཔེ་རིས་གསར་པ་འགོད་རྒྱུ་དང་། མཐུན་སྦྱོར་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་རྒྱུ་ཡིན།

    (ལྔ)ཕྱི་ཤུགས་ལ་བརྟེན་ནས་ནང་ཤུགས་ཆེར་སྐྱེད་མཐའ་འཁྱོངས་ཀྱིས། བསྒྱུར་བཅོས་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ།

    གཙོ་གནད་ཁུལ་ཁོངས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། ཞིང་ལས་དང་གྲོང་གསེབ་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུ། རེས་སྐོར་གསར་པའི་ནོར་ཁྲལ་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུ། “དབང་ཆ་ལྔ”ཁ་གསལ་བཟོ་རྒྱུ་དམིགས་ཚད་དུ་འཛིན་ནས། གཞུང་ཁོངས་ཁེ་ལས“མིག་མངས་འགྲིག་སྐོར་གཅིག”གི་འཐབ་ཇུས་རང་བཞིན་གྱི་བསྐྱར་སྒྲིག་དང་ཆེད་ལས་ཟླ་སྒྲིལ་གཏོང་བར་ཤུགས་རྒྱག་རྒྱུ། ལྗོངས་ཡོངས་ཀྱི་གློག་རིན་གྲུབ་ཚུལ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པའི་སྤ་སེའི་རིན་གོང་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ། ཕྱོགས་ཡོངས་ནས་གཏེར་ལས་ཀྱི་བདག་དབང་འགྲན་རྩོད་དང་ནང་བཤུག་གཏོང་བར་མུ་མཐུད་བསྒྱུར་བཅོས་བྱ་རྒྱུ། ཉེན་ཆེའི་མངོན་མེད་རྐྱེན་ངན་རིགས་ལ་འགོག་ཟོན་ནུས་ལྡན་དང་གཙང་སེལ་བྱ་རྒྱུ། “གཡོ་འགུལ་རྩ་བ་ནས་མི་གཏོང་བ་གཉིས”དོན་འཁྱོལ་བྱས་ནས། ཁྲོམ་རར་ཞུགས་འཐུས་དང་། གཙོ་རྒྱུ་རག་ཐབས། གཞུང་དྲང་ཁྲིམས་འཛིན། ཁེ་དབང་སྲུང་སྐྱོབ་སོགས་ཀྱི་ཐད་ལྟ་སྟངས་གཅིག་པ་འཛིན་རྒྱུ། སྲིད་གཞུང་གྲངས་འཛིན་ཅན་དུ་གང་མགྱོགས་གྱུར་པ་བྱས་ནས“དྲ་སྦྲེལ+སྲིད་དོན་ཞབས་ཞུའི”ལས་ཕྱོད་ཆེ་རུ་གཏོང་རྒྱུ། ཚོང་གཉེར་ཁོར་ཡུག་གི་ལས་ཀའི་དཔྱད་ཞིབ་ལམ་སྲོལ་འཛུགས་རྒྱུ། “ཡིད་རྟོན་སྲིད་གཞུང་འཛུགས་སྐྱོང་ལོའི”ཆེད་དོན་བྱ་སྤྱོད་སྤེལ་ཏེ། གཉེར་སྐྱོང་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་སྲིད་གཞུང་གི་བྱེད་སྤྱོད་རིགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱ་རྒྱུ་དང་། དཔེ་མཚོན་ངན་པའི་རིགས་ཡོངས་བསྒྲགས་སུ་བརྡ་ཁྱབ་གཏོང་རྒྱུ།

    ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ། ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་མུ་མཐུད་སྤེལ་ཏེ། རང་འགུལ་ངང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཐོན་ལས་གཞན་སྒྱུར་སྦྲེལ་མཐུད་བྱ་རྒྱུ་དང་། ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་500ཡན་དོན་འཁྱོལ་ཐུབ་པ་བྱ་རྒྱུ། རྗེས་སྙེག་གི་ལམ་སྲོལ་འཛུགས་རྒྱུ་དང་གཙོ་རྒྱུ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་དངོས་སུ་དོན་འཁྱོལ་དང་འཁོར་སྐྱོད་ཐུབ་པ་བྱ་རྒྱུ། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་འཁོར་རྒྱའི་ནང་མཉམ་འདྲེས་ཧུར་ཐག་བྱ་རྒྱུ་དང་། ཞིང་ཆེན་འབྲེལ་མཚམས་ཀྱི་གྲོང་ཁྱེར་དང་རྫོང་བརྒལ་བའི་ཁུལ་ཁོངས་མཉམ་ལས་དང་མཐའ་མཚམས་ཀྱི་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱ་རྒྱུ། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་ཐབས་ལམ་བཟང་ཤོས་ལག་བསྟར་གྱིས། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་10%ཡན་འཕར་བ་བྱ་རྒྱུ། ཁྱད་ལྡན་ནང་འདྲེན་གྱི་ཚོང་ཟོག་འགྲེམས་ཚོང་ཁང་ཁག་གཅིག་གཏོད་རྒྱུ་དང་། བོད་ཀྱི་ལེགས་ཆའི་ཐོན་རྫས་རྒྱལ་ཕྱིའི་ཁྲོམ་རར་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། རིག་ནུས་འགག་སྒོ་གང་མགྱོགས་འཛུགས་སྐྲུན་བྱས་ནས་སྐྱིད་རོང་དང་། སྤུ་ཧྲེང་། ལེགས་རྩེ། གོང་དཀར་གནམ་ཐང་འབབ་ཚུགས་སོགས་ཀྱི་འགག་སྒོའི་བྱེད་ནུས་འཐུས་ཚང་དུ་གཏོང་རྒྱུ་དང་། ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་དཀྱིལ་ཐང་གྲོང་ཚོའི་སྲོལ་རྒྱུན་མཐའ་མཚམས་ཉོ་ཚོང་ས་ཚིགས་ཀྱི་གདང་རིམ་སྤོར་རྒྱུ། ཚད་གཞི་མཐོ་བའི་སྒོ་ནས་འགྲམ་གྲོང་རྡལ་སླར་གསོ་བསྐྱར་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དེ་སྔའི་དར་རྒྱས་ཆེ་བའི་རྣམ་པ་གང་མགྱོགས་མངོན་ཐུབ་པ་བྱ་རྒྱུ།

    གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ། ཤེས་ལྡན་པ་སྟོབས་ཆེའི་ཁུལ་གྱི་འཐབ་ཇུས་དང“ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་ལག་བསྟར་ཤུགས་ཆེ་བྱ་རྒྱུ། གཙོ་གནད་ཚོད་ལྟ་ཁང་དང་གསར་གཏོད་བྱེད་པའི་ལས་སྟེགས་ཆེན་པོ་ཁག་གཅིག་གི་བཀོད་པ་ལེགས་སུ་གཏོང་བ་དང་། ནུས་རྒྱུ་གཙང་མ་དང་ས་མཐོའི་ཁྱད་ལྡན་གྱི་ཡང་བའི་བཟོ་ལས། ཁྱད་ལྡན་ཞིང་འབྲོག་ལས་སོགས་ཀྱི་ལག་རྩལ་འགག་སྒྲོལ་ཐུབ་ཤུགས་ཆེ་རུ་གཏོང་རྒྱུ། ཚན་ཞིབ་གྲུབ་འབྲས་དང་ཉེར་སྤྱོད་ལག་རྩལ་ནང་འདྲེན་དང་ཁྱབ་གདལ་ཤུགས་ཆེ་གཏོང་རྒྱུ། ནོར་སྲིད་ནས་ཚན་རྩལ་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བའི་ལམ་སྲོལ་བཙུགས་ཏེ། འདི་ལོར་ནོར་སྲིད་ནས་ཚན་རྩལ་ཐད་མ་དངུལ་འཇོག་ཚད་ལྡབ་གཅིག་འཕར་བ་བྱ་རྒྱུ།

    ང་ཚོས་བློ་བརྟན་འགྱུར་མེད་ངང་བསྒྱུར་བཅོས་ཀྱི་བགྲོད་ལམ་དང་སྒོ་འབྱེད་ཀྱི་ལམ་བུར་བསྐྱོད་ཅིང་། གསར་གཏོད་བྱེད་ཐབས་ལ་སྐུལ་འདེད་བཏང་སྟེ། མིག་སྔའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་ཐུབ་པ་དང་མ་འོངས་དཔལ་འབྱོར་གྱི་གཏིང་ཤུགས་སྐྱེད་ཐུབ་པ་བྱ་རྒྱུ་ཡིན།

    (དྲུག)བྱ་བ་དངོས་བསྒྲུབ་རྒྱུ་དང་དམངས་འཚོར་ཕན་འདོགས་རྒྱུ་མཐའ་འཁྱོངས་ཀྱིས། མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ།

    ལས་ཞུགས་འབབ་འཕར་ལ་དམ་འཛིན་ནན་པོ་བྱ་རྒྱུ། མཐོ་རིམ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ཚོགས་སྒྲིག་རྣམ་པའི་ལས་ཞུགས་བྱེད་སྟངས་གསར་པ་ཁྱབ་གདལ་གཏོང་རྒྱུ་དང་ཁྲོམ་རར་ལས་ཞུགས་ཀྱི་ཐབས་ལམ་གསར་པ་ཕྱོགས་ཡོངས་ནས་རྒྱ་སྐྱེད་བཏང་སྟེ། ལོ་འདི་གའི་མཐོ་རིམ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་དང་ཁྲོམ་རར་ལས་ཞུགས་ཐུབ་ཚད་70%ཡན་ཟིན་ཐུབ་པ་བྱ་རྒྱུ། ཐོན་ལས་གསར་པ་གཉེར་མཁན་གྱི་བཟོ་པ་གསོ་སྐྱོང་ཤུགས་ཆེན་བྱས་ནས། རྩལ་ནུས་ཤེས་ལྡན་པ་ཁྲི་1.5ཡན་མང་དུ་གཏོང་རྒྱུ། སྒོར་ཁྲི་400མན་གྱི་སྲིད་གཞུང་གི་མ་འཇོག་རྣམ་གྲངས་རིགས་ས་གནས་དེ་གའི་ཞིང་འབྲོག་ཨར་ལས་རུ་ཁག་ལ་འགན་གཙང་སྤྲོད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་དང་། གཙོ་གནད་རྣམ་གྲངས་ལག་བསྟར་བྱེད་པའི་ཁྲོད་རྒུད་གསབ་ལས་སྤྲོད་ཁྱབ་གདལ་གཏོང་རྒྱུ་དང་ཞིང་འབྲོག་པ་གཞན་སྒྱུར་ལས་ཞུགས་རྩ་འཛུགས་ཅན་དུ་གྱུར་ཚད་མཐོ་རུ་བཏང་ནས། ཞིང་འབྲོག་པ་མི་ཁྲི་63ཡན་གཞན་སྒྱུར་ལས་ཞུགས་ཐུབ་པ་བྱ་རྒྱུ།

    སྤྱི་པའི་ཞབས་ཞུར་དམ་འཛིན་ནན་པོ་བྱ་རྒྱུ། རྨང་གཞིའི་སློབ་གསོའི་སྤུས་ཚད་མཐོར་གཏོང་ལེགས་སྤེལ་བྱ་སྤྱོད་དང་། ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་ལེགས་སྐྱོང་བྱ་སྤྱོད། མཐོ་རིམ་སློབ་གསོ་དར་རྒྱས་འཆར་གཞི་བཅས་ལག་བསྟར་ཤུགས་ཆེ་བྱ་རྒྱུ། ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་མ་བསྡུ་གྲངས་སྔར་བས་མང་རུ་གཏོང་རྒྱུ། བོད་ལྗོངས་སློབ་ཆེན་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པ། བོད་ལུགས་གསོ་རིག་སློབ་ཆེན་དང་སྨན་རྩིས་ཁང་བཅས“ཚན་སློབ་སྨན”གསུམ་མཉམ་འདྲེས་གོང་འཕེལ་གཏོང་རྒྱུ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་མི་སྣ་གསོ་སྐྱོང་བྱེད་པའི་འཆར་གཞི་དང“དྲ་སྦྲེལ+སྨན་བཅོས་བདེ་ཐང”གི་རྣམ་གྲངས་ལག་བསྟར་གང་མགྱོགས་བྱས་ནས། ལྗོངས་ཡོངས་སུ་དམ་ཚགས་རྣམ་པའི་རྫོང་ཁོངས་སྨན་བཅོས་ཀྱི་ཐུན་མོང་ཚོགས་པ་ཕྱོགས་ཡོངས་ལ་ཁྱབ་པ་བྱ་རྒྱུ། “དམིགས་བྱ་ལྔའི”བླང་བྱ་དོན་འཁྱོལ་བྱས་ནས། འཕྲོད་བསྟེན་བདེ་ཐང་གི“ལས་འགུལ་ཁག་བརྒྱད”སྤེལ་རྒྱུ། དེང་རབས་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རིག་གནས་གྲངས་འཛིན་ཅན་གྱི་འཐབ་ཇུས་དང་འདེགས་སྐྱོར་ལས་གཞི་ལག་བསྟར་བྱས་ཏེ། རིག་གནས་དམངས་ཕན་དང་རིག་གནས་མཐའ་གསོས། བློ་རིག་རླུང་འཕྲིན་བརྙན་འཕྲིན་བཅས་ལ་སྐུལ་སྤེལ་གཏོང་རྒྱུ་དང་། རིག་དངོས་དང་རིག་གནས་ཤུལ་བཞག་ཐོན་རྫས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱ་རྒྱུ། ལྗོངས་ཡོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ལ་ཡོངས་བཤེར་དང་། རྩོམ་རིག་སྒྱུ་རྩལ་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག རིག་དངོས། ཡིག་ཚགས་སོགས་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་རྒྱུ། རྒྱལ་ཡོངས་ཀྱི་དགུན་དུས་ལུས་རྩལ་འགྲན་ཚོགས་དང་མི་རིགས་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུའི་གྲ་སྒྲིག་ཧུར་ཐག་བྱ་རྒྱུ་དང་། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་བྱ་རྒྱུའི་གྲ་སྒྲིག་ཞིབ་ཚགས་བྱ་རྒྱུ།

    དམངས་འཚོའི་བྱ་བ་དངོས་བསྒྲུབ་རྒྱུར་དམ་འཛིན་ནན་པོ་བྱ་རྒྱུ། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་ཀྱིས“དམངས་འཚོའི་ལས་གཞི་ཆེན་པོ་བཅུ”ཤུགས་ཆེན་སྤེལ་རྒྱུ། ཀྲུང་དབྱང་གིས་གཏན་འཁེལ་གནང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག མ་དངུལ་སྒོར་དུང་ཕྱུར་121.4བཀོད་སྒྲིག་བྱས་ནས། དམངས་འཚོའི་བྱ་བ་དངོས་21བསྒྲུབ་རྒྱུ། སློབ་གསོའི“འགན་ལེན་གསུམ”དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཁ་གསབ། དྭ་ཕྲུག་དང་གསོ་ཉར་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བའི་འགན་སྲུང་། རྒན་རྒོན་ལོ་ན་མཐོ་བ་དང་ངལ་ནུས་ཤོར་བའི་མི་སྣའི་ཁ་གསབ། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ཆེའི་དབང་སྐྱོན་ལ་ལྟ་སྐྱོང་བྱེད་པའི་ཁ་གསབ། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་སོགས་རྣམ་གྲངས་13གྱི་རོགས་དངུལ་ཚད་གཞི་མཐོ་རུ་གཏོང་རྒྱུ། གཞི་རིམ་གྱི་དྲོད་རླངས་མཁོ་འདོན་དང་། ས་ཁད་མཐོ་བའི་གསོ་རླུང་མཁོ་འདོན། མང་ཚོགས་ཀྱི་བཟའ་བཅའི་འཚོ་བཅུད་ལེགས་གཏོང་། ནགས་ཚལ་འགན་བཅོལ་གྱི་ཚོད་ལྟ་སྤེལ་རྒྱུ་སོགས་རྣམ་གྲངས་ཁག་8ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ།

    ང་ཚོས་བོད་ལྗོངས་ཡུན་རིང་གོང་འཕེལ་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་དམིགས་ཏེ། ནུས་ཤུགས་གཅིག་སྡུད་ཐོག་མང་ཚོགས་ཀྱི་མིག་མཐོང་ལག་ཟིན་གྱི་བྱ་བ་དངོས་ཁག་གཅིག་སྒྲུབ་ཐུབ་པ་བྱས་ནས། གོང་འཕེལ་ཁྲོད་དམངས་འཚོ་ལེགས་བཅོས་དང་དམངས་འཚོ་ལེགས་བཅོས་ཁྲོད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཐུབ་པ་བྱ་རྒྱུ་ཡིན།

    (བདུན)སྐྱེ་ཁམས་སྲུང་སྐྱོབ་བྱས་ནས་མཐའ་མཚམས་སྲ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་ཏན་ཏིག་གཏོང་རྒྱུ།

    སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་གྱི་དཔེ་སྟོན་འཛུགས་གཏོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཚན་རིག་དང་མཐུན་ཞིང་གཞི་ཁྱོན་ཆེ་བའི་སྒོ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་སྒྱུར་ལས་འགུལ་དང་གྲོང་ཁྱེར་གྱི་སྒོ་ར་སྔོ་སྒྱུར་བྱ་སྤྱོད་མུ་མཐུད་སྤེལ་རྒྱུ། ལྷ་སའི་ལྷོ་བྱང་རི་བོ་སྔོ་སྒྱུར་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་གོང་དཀར་གནམ་ཐང་གི་མཐའ་འཁོར། ལྷ་ས་སྐྱིད་ཆུའི་གྲོང་ཁུལ་གྱི་དུམ་རྒྱུད་བཅོས་སྐྱོང་སོགས་ཀྱི་གལ་ཆེའི་སྐྱེ་ཁམས་ལས་གཞི་གང་མགྱོགས་ལག་ལེན་བསྟར་རྒྱུ། ཤིང་འཛུགས་ནགས་བཟོ་མུའུ་ཁྲི་95ཡན་གསར་བཟོ་དང་རྩྭ་ཐང་ཞན་འགྱུར་མུའུ་ཁྲི་550སླར་གསོ་བཅོས་སྐྱོང་བྱ་རྒྱུ། “རི་བོ་ཇོ་མོ་གླང་མ”སོགས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་ཧུར་ཐག་གཏོང་རྒྱུ། ས་གཤིས་གནོད་འཚེར་ཕྱོགས་བསྡུས་བཅོས་སྐྱོང་དང་ལོ་རྒྱུས་ཐོག་གི་ཤུལ་ལུས་གཏེར་རིའི་སྐྱེ་ཁམས་སླར་གསོར་དམ་འཛིན་ནན་པོ་བྱ་རྒྱུ། འཁྱགས་མཚོའི་གནོད་འཚེར་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་ལམ་སྲོལ་ལག་བསྟར་བྱ་རྒྱུ། གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་རྒྱུན་མཐུད་ངང་ཡག་པོ་སྤེལ་རྒྱུ། ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་ལེགས་སུ་གཏོང་རྒྱུ། “སྙིགས་མེད་གྲོང་ཁྱེར”དང“སྙིགས་མེད་ཕྲ་ཕུང”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལྟ་ཞིབ་བྱེད་པའི་གནད་དོན་བཅོས་སྒྲིག་ཡག་པོ་བྱ་རྒྱུ། རྒྱལ་སྤྱིའི་ལག་ཁྱེར་ལྗང་ཁུ་བརྗེ་ཚོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་སྐྱེ་ཁམས་ཀྱི་ཐོན་རྫས་རིན་ཐང་ཟམ་མི་ཆད་པར་བརྗེ་སྒྱུར་བྱ་རྒྱུ།

    རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ། མཐའ་མཚམས་ཁུལ་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་དང་། བཀོད་སྒྲིག་བྱ་ཡུལ་དང་དེའི་ཚང་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུ། གློག་དྲ་དང་། སྤྱི་པའི་ཞབས་ཞུ། རིག་ནུས་མཐའ་སྲུང་སོགས་ཀྱི་ལས་གཞི་ལག་བསྟར་ཇེ་མགྱོགས་སུ་གཏོང་རྒྱུ། མཐའ་མཚམས་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་རྒྱུ་དང་། མཐའ་མཚམས་མང་ཚོགས་འབབ་འཕར་གྱི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། མཐའ་མཚམས་མང་ཚོགས་ཀྱིས་ལྟེ་བའི་ས་ཁུལ་ལས་ཡག་པའི་སྤྱི་པའི་ཞབས་ཞུ་གང་མགྱོགས་སྤྱོད་ཐུབ་པ་བྱ་རྒྱུ་མ་ཟད། ལྟེ་བའི་ས་ཁུལ་གྱི་འབབ་འཕར་ལས་མཐོ་བ་ཡོང་ཐུབ་པ་བརྟན་འཁྱོངས་བྱ་རྒྱུ།

    འཐུས་མི་རྣམ་པ། ང་ཚོས་བུད་མེད་དང་། བྱིས་པ། གཞོན་ནུ་ལོ་ཆུང་། རྒན་འཁོགས། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་གོང་འཕེལ་གཏོང་བར་རྒྱབ་སྐྱོར། དམག་དམངས་མཉམ་འདྲེས་དང་རྒྱལ་སྲུང་སྐུལ་སློང་། གཉིས་བཀུར་མཉམ་སྐྲུན། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན། ཁ་གཏད་བོད་སྐྱོར་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱེད་དགོས།

    འཐུས་མི་རྣམ་པ། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་མཐའ་འཁྱོངས་དང་སྒྲིག་ཁྲིམས་སྒྲིག་ལམ་ནན་པོ་བསྲུངས་ཏེ། ལྷག་བསམ་རྣམ་དག་དང་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། ང་ཚོས“དོན་འཁྱོལ་དམ་འཛིན་བཞིའི”བླང་བྱ་གལ་ཆེན་ལག་བསྟར་ནན་ཏན་དང་། “གཤམ་སྐྱོད་བཞིའི”ཕུལ་བྱུང་སྤྱོད་ཚུལ་དར་སྤེལ་བཏང་སྟེ། ལག་ལེན་པ་རྣམ་དག་དང་། བྱ་སྤྱོད་པ་རྣམ་དག འཇོན་ཐང་པ་རྣམ་དག་བཅས་བྱས་ནས། གྲུབ་འབྲས་བཟང་པོ་དང་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ང་ཚོས་ཁྲིམས་ལྟར་སྲིད་འཛིན་ནན་པོ་དང་། ཁྲིམས་སྐྱོང་སྲིད་གཞུང་འཛུགས་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལུགས་ཁྱབ་གདལ་ཤུགས་ཆེན་གཏོང་བ། མི་དམངས་འཐུས་ཚོགས་དང་སྲིད་གྲོས། ལྟ་ཞིབ་ཨུ་ལྷན། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་ཞུ་བ། ཁྲིམས་འཛིན་དང་རྩིས་བཤེར། བསྡོམས་རྩིས་བཅས་ལ་ལྟ་སྐུལ་བྱེད་པར་ཤུགས་བརྒྱབ་སྟེ། ཐོག་མཐའ་བར་གསུམ་དུ་ཁ་གསལ་གཏིང་གསལ་གྱིས་དབང་ཆ་བེད་སྤྱོད་བྱེད་དགོས། ང་ཚོས་སྔར་བས་སྤྱོད་ཚུལ་ལེགས་བཅོས་དང་། མུ་མཐུད་ཡིག་ཆ་དང་ཚོགས་འདུ་ཉུང་འཕྲི་བྱེད་པ། གྲོན་ཆུང་གིས་རྟེན་འབྲེལ་དང་འགྲེམས་སྟོན་གཉེར་བ། སྤྱིར་བཏང་རང་བཞིན་གྱི་གཏོང་སྒོར་ཚོད་འཛིན་ནན་པོ་བྱེད་པ། འཚོ་བ་སྐྱེལ་མཁས་པོ་མཐའ་འཁྱོངས་བཅས་བྱས་ཏེ། དེ་བས་མང་བའི་མ་དངུལ་གཞི་རིམ་དང་དམངས་འཚོར་གཏོང་དགོས།

    འཐུས་མི་རྣམ་པ། མ་འོངས་མདུན་དུ་སླེབས་ཟིན་པས། དུས་ཚོད་ཀྱིས་ང་ཚོ་སྒུག་མི་སྲིད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱ་རྒྱུ་མ་ཟད། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག མཐུན་སྒྲིལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་དང་འབད་འཐབ་ལ་བརྟེན་ནས་ཕུགས་འདུན་འགྲུབ་པར་བྱས་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།