དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆི་2024ལོའི་དུས་ཚིགས་དང་པོའི་གཙོ་གནད་རྣམ་གྲངས་བཀོད་སྒྲིག་གི་སྐུལ་སྤེལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-20

    2024ལོའི་དུས་ཚིགས་དང་པོའི་གཙོ་གནད་རྣམ་གྲངས་བཀོད་སྒྲིག་གི་སྐུལ་སྤེལ་ཚོགས་འདུ་ཟླ་1ཚེས་17ཉིན་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་ཏེ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་མངགས་བཅོལ་ལྟར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ས་ཁུལ། གྲོང་ཁྱེར་བཅས་ཀྱི་འགན་འཁུར་བློ་མཐུན་དབར་2024ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་གཙོ་གནད་ལས་འགན་ཁག་བགོས་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་གནང་བ་དང་འབྲེལ་2024ལོའི་ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཆར་འགོད་དང་དུས་ཚིགས་དང་པོའི་བྱ་སྤྱོད་ཇུས་གཞིར་ཞིབ་འཇུག་བཀོད་སྒྲིག་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན་དང་། ཝང་ཡུང་། ཝུའེ་ཤིའུ་ཁྲང་། ཞུས་ཀྲེ་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་ཤིང་། ས་ཁུལ་དང་གྲོང་ཁྱེར་ཁག་ལ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།

    ཁྲེན་ཡུང་ཆི་ཡིས། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བའི་འགག་རྩའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་ཀྱང་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འདི་ལོའི་དཔལ་འབྱོར་གྱི་དུས་བབ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་ཏན་ཏིག་བཏང་ནས་བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་བྱ་རྒྱུ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་དཔལ་འབྱོར་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་རྒྱུའི་འགན་ལེན་བྱེད་དགོས་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་མངོན་གསལ་དོད་པོར་བཞག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་འདེགས་སྐྱོར་བྱེད་དགོས། མ་འཇོག་དོན་འཁྱོལ་ལ་དམ་འཛིན་དང་ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་བརྩོན་ལེན་ཧུར་ཐག་བྱས་ཐོག་ཁེ་ལས་ཀྱིས་མ་འཇོག་བྱེད་པར་ཁྲིད་སྟོན་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་གྱི་དགོས་མཁོ་འགན་ལེན་བྱེད་དགོས། དུས་འགོའི་ལས་དོན་ལ་དམ་འཛིན་བྱས་ཏེ་གྲབས་གསོག་འདང་ངེས་དང་། རིགས་པས་ཁུངས་སྐྱེལ་མི་འཕྱུགས་པ། ཞིབ་མཆན་འགོད་ལམ་བདེ་བླག་བཅས་ཡོང་བ་བྱས་ནས་རྣམ་གྲངས་དོན་འཁྱོལ་གྱི་སྤུས་ཚད་རྒྱུན་མཐུད་མཐོ་རུ་གཏོང་དགོས། འཛུགས་སྐྲུན་གྱི་འཕེལ་རིམ་ལ་དམ་འཛིན་བྱས་ཏེ་མ་དངུལ་གཏོང་ཚད་དང་།

    རྣམ་གྲངས་ལས་འགོ་འཛུགས་ཚད། མ་འཇོག་ལེགས་གྲུབ་ཐུབ་ཚད་བཅས་མཐོ་རུ་ཏན་ཏིག་བཏང་ནས་ལས་འབོར་དངོས་སྔར་བས་མང་བ་གང་མགྱོགས་ཆགས་པར་བྱེད་དགོས། ཞབས་ཞུ་འགན་སྲུང་ལ་དམ་འཛིན་ནན་པོ་བྱས་ཏེ་མ་དངུལ་དང་། ས་ཆ། ལས་མི། ལེ་ལག་ཚང་བ་སོགས་ལ་དམིགས་ནས་རྒྱུ་ཆའི་འདེགས་སྐྱོར་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། “ཆེས་བཞིའི”ཚད་གཞི་དང་བསྡུར་བའི་བྱ་སྤྱོད་མུ་མཐུད་སྤེལ་བ་དང་འོས་འགུགས་འོས་དཔོད་ཀྱི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་དགོས། ཕྱོགས་བསྡུས་དོ་དམ་ལ་དམ་འཛིན་ནན་པོ་བྱས་ཏེ་རྣམ་གྲངས་ཀྱི་སྐྱེ་ཁམས་དང་། སྤུས་ཚད། བདེ་འཇགས། སྤྱོད་གཙང་བཅས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། དམག་འཐབ་མཐའ་གཅིག་ཏུ་རྒྱག་པའི་སེམས་ཤུགས་དང་། འགག་སྒྲོལ་གྱི་ནུས་པ། དམིགས་བསལ་གྱི་བྱས་རྗེས་བཅས་ལ་བརྟེན་ནས་བྱ་ཐབས་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་བཏང་སྟེ། དུས་ཚིགས་དང་པོའི་གཙོ་གནད་རྣམ་གྲངས་ཀྱི་བྱ་སྤྱོད་ཇུས་གཞི་ནུས་ཤུགས་ཡོད་རྒུས་ལག་ལེན་ཡག་པོ་བསྟར་ནས་དུས་ཚིགས་དང་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོ་འཛུགས་མ་ཐག་གྲུབ་འབྲས་ཐོབ་པར་སྣེ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།