དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།

    སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-13

    (2024ལོའི་ཟླ་1ཚེས་6ཉིན) མོང་ཞའོ་ལིན།

    ཨུ་ཡོན་རྣམ་པ།

    རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་བཅོལ་ལྟར། ངས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ།

    འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་ཕྱིར་མིག་ལྟ་བ།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་པའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། ལོ་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཐབས་ཇུས་བཀོད་སྒྲིག་དང་མཛུབ་ཁྲིད་གནང་སྟེ། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཏེ། ཏང་གི་གསར་གཏོད་རིགས་གཞུང་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འདོད་མཐུན་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱས་ཡོད། ལོ་དེའི་ནང་ཀྲུའུ་ཞི་ཝང་ཧུའུ་ཉིང་བོད་དུ་བརྟག་ཞིབ་གནང་བར་ཕེབས་ཏེ། ལྷ་སར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མི་རྣམས་ལ་གཟིགས་གནང་བས་ང་ཚོར་དྲོ་སྐྱིད་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ལོ་དེའི་ནང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་བཀའ་མཆན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་ཐད“བླང་བྱ་ཁག་ལྔ”བཏོན་གནང་བས། སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་སྤྲད་གནང་ཡོད།

    སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བརྗིད་ཆེའི་དཔེ་རིས་བཀོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་རྒྱང་ལམ་གསར་པར་བསྐྱོད་པའི་དུས་བབ་གསར་པའི་འོག་ལས་དོན་ཁག་སྤེལ་བ་ཞིག་དང་། བོད་ཀྱི“དོན་ཆེན་བཞི”དང་“འགན་ལེན་བཞིར”དམིགས་ཤིང་། “འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་ཐུབ་པ་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་བའི་རྒྱབ་ལྗོངས་ཆེན་པོའི་འོག་འགན་འཁྲི་བསྒྲུབས་པ་ཞིག་ཡིན། ལོ་གཅིག་རིང་། སྲིད་གྲོས་སྐབས་གསར་པ་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བཅས་བྱས་ནས་ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱས་ཐོག་ལས་སྐལ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་ཀྱིས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་བསྒྲུབས་པ་དང་། རྒྱ་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས་ཐེག་ཁུར་དང་། བྱས་རྗེས། རྣམ་པ་བཅས་གསར་པ་མངོན་པར་བྱས་ཡོད།

    —— ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་བ་དང་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ཏེ“གཏན་འཁེལ་གཉིས”སྲུང་སྐྱོང་བྱེད་པ་དང“སྲུང་སྐྱོང་གཉིས”ཐུབ་པའི་ལྷག་བསམ་རྣམ་དག་གི་གཤིས་རྒྱུད་མངོན་པར་བྱས་པ། གཙོ་འཛིན་གྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཤིང་། དུས་དང་རྣམ་པ་ཀུན་ཏུ་དྲིན་ཚོར་འབད་འབུངས་བྱས་ཏེ། རྒྱུན་བསྲིངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཐོག “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་པ་དང་། “དགོངས་པ་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་འཇོག”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས། ལས་ཀའི་ཇུས་གཞི་ཞིབ་ཚགས་བཟོས་པ་དང་། འཕྲལ་དུ་སྐུལ་སློང་དང་བཀོད་སྒྲིག་བྱས་པའི་ཁར། “རྒྱང་ལྟའི་རང་བཞིན”ལ་མཐོང་ཆེན་དང་། “ཁྱད་ཆོས”འབུར་ཐོན། “དབྱེ་ཞིབ་ངོས་འཛིན”ཡང་དག་བཅས་བྱས་ཏེ། ཇུས་འགོད་སྔ་ཙམ་དང་། སློབ་སྦྱོང་གང་ཟབ། དོན་གཉེར་དྲང་གཞག་བཅས་བྱ་རྒྱུའི་ཐད་ཤུགས་བརྒྱབ་པ། རིགས་གཞུང་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག གོང་འཕེལ་ལ་སྐུལ་འདེད། ཞིབ་བཤེར་བཅོས་སྒྲིག སྒྲིག་སྲོལ་ལམ་ལུགས་འཛུགས་པ་བཅས་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པར་བྱས་ནས། ཚད་མཐོའི་མཐོང་ཆེན་དང་། དཔེ་བསྡུར་ཚད་བསྡུར། གནད་དོན་ལ་གདོང་ལེན། དམ་འཛིན་དངོས་སྒྲུབ། སྤུས་འབྲས་གཉིས་ལེགས་བཅས་ཡོང་བ་བྱས་ཡོད། སྲིད་གྲོས་ཏང་ཙུའུ་དང་ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་སྔོན་སྐྱོད་མིག་དཔེ་སྟོན་ཏེ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཏང་གི་གསར་གཏོད་གཞུང་ལུགས་ལ་འཛིན་པའི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད།

    —— ངོ་བོའི་ངེས་གནས་སྟངས་འཛིན་དང་རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ལྷ་སར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མིར་གཟིགས་རྟོགས་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཐད་བཏོན་པའི“བླང་བྱ་ཁག་ལྔ”ལག་བསྟར་ཏན་ཏིག་བྱས་པ། 《བློ་མཐུན་ཝང་ཧུའུ་ཉིང་གི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང《རང་སྐྱོང་ལྗོངས་ཏང་ཨུད་ཀྱི“བླང་བྱ་ཁག་ལྔ”དོན་འཁྱོལ་ནན་ཏན་བྱས་ནས་སྲིད་གྲོས་ལས་དོན་ཐད“ཡར་རྒྱས་གསར་པ་ལྔ”མངོན་འགྱུར་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བཟོས་ཏེ། ལས་འགན་ཁ་གསལ་དང་། གསལ་ཐོ་ཞིབ་ཚགས། འགན་འཁྲི་ནན་དཀྲིས་བཅས་བྱས་ཡོད། “རྒྱལ་ཁབ་ཀྱི་དོན་ཆེན”དང་། རང་ལྗོངས་ཀྱི་དོན་གནད། དམངས་ཀྱི་དོ་ཁུར་ཆེ་ས་བཅས་སེམས་ལ་བཅངས་ཏེ། རང་རྟོགས་ངང་སྲིད་གྲོས་ཀྱི་ལས་དོན་དེ་ལྗོངས་ཡོངས་ཀྱི་ལས་དོན་སྤྱི་ཡོངས་ནང་བཞག་ནས་བསམ་གཞིག་ཇུས་འགོད་དང་སྐུལ་འདེད་བཏང་བ་དང་། མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་དང་ཆེད་དོན་གྲོས་མོལ་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། མཐུན་ཆ་ཆེ་ཤོས་བཙལ་ཏེ་ཀུན་སེམས་གཅིག་ཏུ་བསྒྲིལ་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་རྒྱུར་སེམས་ནུས་གཅིག་སྒྲིལ་ཧུར་ཐག་བྱས་ཡོད།

    —— གྲོས་མོལ་གྱི་ལེགས་ཆ་མངོན་ཆེར་བཟུང་སྟེ་གནད་དུ་འཕིགས་པའི་ཐབས་ཇུས་བཏོན་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པའི་རང་རྟོགས་བྱ་སྤྱོད་མངོན་པར་བྱས་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་ཁྲོད་ཀྱི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། སྲིད་གྲོས་ཚང་འཛོམས་གྲོས་ཚོགས་ཀྱིས་སྣེ་འདྲེན་བྱེད་པ་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཆེད་དོན་གྲོས་མོལ་ཚོགས་འདུ་གཙོ་གནད་དུ་བྱེད་པ། གྲོས་གཞི་གཉེར་སྒྲུབ་གྲོས་མོལ་དང་། རིགས་ཁོངས་གྲོས་མོལ། ཁ་གཏད་གྲོས་མོལ་སོགས་རྒྱུན་རྣམ་ཅན་གྱི་གྲོས་མོལ་སྲིད་གླེང་རྣམ་པ་འཐུས་ལེགས་སུ་བཏང་ཐོག ནང་དོན་ཟབ་པའི་གྲོས་མོལ་མཉམ་འགུལ་དང་། བསམ་འཆར་གང་ལེགས་ཤོད་པ། རྒྱ་ཁྱབ་ངང་ངོས་འཛིན་གཅིག་མཐུན་དང་གཅིག་བསྒྲིལ་ཡོང་བ་བཅས་ཀྱི་ཐབས་ལམ་དང་གཞི་རྟེན་རྒྱ་སྐྱེད་དུ་བཏང་ཡོད། ལོ་འཁོར་གྱི་གྲོས་མོལ་ལས་ཀའི་འཆར་གཞི་བཟོས་ནས་ལག་བསྟར་བྱས་ཤིང་། གྲོས་མོལ་གྱི་བརྗོད་གཞི་དང་བརྗོད་དོན་གཙོ་བོའི་སློབ་གསོའི་བརྟག་ཞིབ་ཁ་བྱང་ལེགས་འདེམས་བྱས་ཏེ། ཨུ་ཡོན་སྒྲིག་འཛུགས་ཀྱིས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་ཐེངས་51བྱས་ཐོག

    བརྟག་ཞིབ་སྙན་ཞུ་ཁག་36གྲུབ་པ་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཆེད་དོན་གྲོས་མོལ་ཚོགས་འདུ་སྣ་ཚོགས་ཐེངས་80ཙམ་འཚོགས་ནས། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་། ས་གནས་དང་། གྲོང་ཁྱེར། སྡེ་ཚན་བཅས་ཀྱི་འགན་འཁུར་མི་སྣ། རིགས་གཅིག་མཁས་དབང་བཅས་དང་བཞུགས་མོལ་བགྲོ་གླེང་ཐེངས་140བྱས་པ་མ་ཟད། བསམ་འཆར་དང་གྲོས་འགོ་1600ལྷག་ཙམ་བཏོན་ཡོད། ལག་འབྱོར་བྱུང་བའི་གྲོས་གཞི་ཁག་328ཡོད་པའི་ནང་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་312ཡོད་པ་དང་ལན་འདེབས་བྱེད་ཚད་100%ཟིན་ཡོད། ཞབས་ཞུའི་ཐབས་ཇུས་ལག་ལེན་བསྟར་བར་སྔར་བས་ཕན་འབྲས་ཐོན་ཞིང་། ལས་དོན་དོན་འཁྱོལ་བྱེད་པར་ཕན་སྐུལ་ཤུགས་ཆེན་ཐེབས་པས། གྲོས་མོལ་དམངས་གཙོའི་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་སོང་ཡོད།

    ལོ་གཅིག་རིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་གཙོ་དར་སྤེལ་གཏོང་རྒྱུ་དང་མཐུན་སྒྲིལ་དམ་ཟབ་བྱ་རྒྱུ་གཉིས་ཕན་ཚུན་འབྲེལ་མཐུད་བྱས་ནས། སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་གཅིག་སྒྲིལ་ཡོང་བའི་ཕྱོགས་གཉིས་ཀ་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། ཇུས་འགོད་སྔ་ཙམ་དང་གཙོ་གནད་དམ་འཛིན་གྱིས། ལས་སྟེགས་བསྐྲུན་ཞིང་ལམ་སྲོལ་བཙུགས་ཁར། སྣེ་ཁྲིད་ལ་ཤུགས་སྣོན་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ། “བླང་བྱ་ཁག་ལྔ”ཕྱོགས་ཡོངས་ནས་དོན་འཁྱོལ་དང་། “ཡར་རྒྱས་གསར་པ་ལྔ”མངོན་འགྱུར་ཐུབ་པ་བྱས་ཏེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཕན་སྐུལ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    (གཅིག) དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པའི་ཐད་ཡར་རྒྱས་གསར་པ་བྱུང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲིད་གྲོས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩིས་ནས་མཐའ་འཁྱོངས་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་བཞུགས་མོལ་བྱས་ཏེ། ཚོགས་ཆུང་གིས་འཁྲིད་སྦྱོང་དང་། འགོ་ཁྲིད་ཀྱིས་འཁྲིད་སྦྱོང་། “སྲིད་གྲོས་གླེང་སྟེགས”ཀྱི་ཐོག་ནས་འཆད་འཁྲིད་སློབ་སྦྱོང་། “རིག་དཔལ་དར་བའི་སྲིད་གྲོས”ཀྱིས་སློབ་སྦྱོང་ལ་སྐུལ་འདེད། “དཔེ་ཀློག་འཛིན་གྲྭས”གཅིག་སྡུད་དུ་སློབ་སྦྱོང་། མི་སྒེར་གྱིས་རང་སྦྱོང་། ཀྲི་པུའུ་ཡིས་ཐུན་མོང་ཐོག་སློབ་སྦྱོང་། རིམ་པ་དབྱེ་ནས་ཞིབ་འཇུག་སློབ་སྦྱོང་བཅས“སློབ་སྦྱོང་བརྒྱད་ཀྱི་མཉམ་འགུལ”ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཐོག“སྲིད་གྲོས་ཀྱི་དཔེ་ཀློག་ཁང་”བཙུགས་ནས། “རིག་དཔལ་དར་བའི་སྲིད་གྲོས་དང་ཨུ་ཡོན་གྱི་དཔེ་ཀློག”ཅེས་པའི་བྱེད་སྒོའི་གྲགས་རྟགས་གང་ལེགས་བཏོད་པ་དང་། སྲིད་གྲོས་ཀྱི་ཐོས་བསམ་མྱོང་རྟོགས་ཀྱི་ལས་སྟེགས་ལ་བརྟེན་ནས་རྒྱུན་བསྲིངས་ལྷོད་མེད་ཀྱིས“རིགས་པའི་གཞུང་ལུགས་སློབ་སྦྱོང”བྱས་ཏེ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེ་བཞིན་དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རང་རྟོགས་ངང་སྲིད་གྲོས་ཀྱི་འགན་སྒྲུབ་ལག་ལེན་ཁྲོད་སྤྱད་དེ། ལས་ཀར་སྐུལ་འདེད་གཏོང་བའི་བསམ་གཞི་དང་། བྱེད་ཐབས། བྱེད་སྟངས་བཅས་སུ་དངོས་སྒྱུར་ཐུབ་པ་བྱས་ཡོད། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའུ་དང་། ལས་ཁུངས་ཀྱི་ཏང་ཙུའུ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་བཅས་ཀྱི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད། ལོ་གཅིག་རིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྲིད་གྲོས་ལས་དོན་ལ་བཀའ་མཆན་ཐེངས་57གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་ཙུའུ་ཡི་ཚོགས་འདུ་དང་། ཀྲུའུ་ཞིའི་ཚོགས་འདུ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་བཅས་ཐེངས་31འཚོགས་ཡོད། གལ་ཆེའི་དོན་གནད་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། “འགོ་ཁྲིད་བློ་མཐུན་གྱི་མཆན་འགོད་སྒྲུབ་སྐུལ་དོན་གནད་དང་ལོ་འཁོར་གྱི་གཙོ་གནད་ལས་དོན”གྱི་གསལ་ཐོ་བཟོས་ཏེ་སྲིད་གྲོས་ཀྱི་གལ་ཆེའི་ལས་དོན་མཐའ་དག་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་འོག་སྐུལ་སྤེལ་ནུས་ལྡན་གཏོང་ཐུབ་པ་དང་། གལ་ཆེའི་བྱེད་སྒོ་མཐའ་དག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་ནུས་ལྡན་ངང་སྤེལ་ཐུབ་པ། གལ་ཆེའི་བཀོད་སྒྲིག་མཐའ་དག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཆན་བཀོད་ཐོབ་རྗེས་རིམ་ལྡན་ལག་ལེན་བསྟར་ཐུབ་པ་བཅས་བྱས་ཡོད།

    (གཉིས) སེམས་ཤུགས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་ཇེ་ཟབ་ཏུ་བཏང་སྟེ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ངོས་འཛིན་གཅིག་མཐུན་ཤུགས་ཆེ་ཡོང་བའི་ཐད་ཡར་རྒྱས་གསར་པ་བྱུང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བཟུང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་ཐབས་མཁས་པོ་བྱེད་པ། ཨུ་ཡོན་གྱིས་རིགས་ཁོངས་ཁག་གི་མང་ཚོགས་དང་འབྲེལ་བ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། མཛའ་མཐུན་གྱི་འབྲེལ་ལམ་འཛུགས་ཐབས་གསར་གཏོད་དང་། “འབྲེལ་གཏུག་བཞིའི”ལམ་སྲོལ་བཙུགས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་གྲོགས་པོ་རྒྱ་ཆེར་བསྒྲིགས་ཤིང་། ཏང་ཡོན་ཨུ་ཡོན་དང་ཏང་ཕྱིའི་ཨུ་ཡོན་དབར་དང་། སྲིད་གྲོས་ལས་བྱེད་པ་དང་སྲིད་གྲོས་ཨུ་ཡོན་དབར། ཨུ་ཡོན་དང་ཨུ་ཡོན་དབར། ཨུ་ཡོན་དང་རིགས་ཁོངས་མང་ཚོགས་དབར་བཅས་འབྲེལ་གཏུག་ཁ་གཏད་1800ཙམ་ཆ་སྒྲིག་བྱས་པ་དང་། ཏང་ཡོན་ཀྲུའུ་ཞི་གཞོན་པ་དང་ཏང་ཕྱིའི་ཨུ་ཡོན་དབར་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡི་ཁོངས་མི་དང་ཨུ་ཡོན་དབར་ཕན་ཚུན་སྙིང་གཏམ་ཤོད་རེས་བྱེད་པ་དང་ཨུ་ཡོན་ལ་ཉེ་བཅར་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་སྒོ་ནན་ཏན་སྤེལ་ནས། ཕན་ཚུན་སྤེལ་རེས་སློབ་སྦྱོང་བྱེད་པ་དང་མཐུན་སྦྱོར་ལྡན་པའི་ངང་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་སྔར་བས་ཆ་རྒྱུས་ལོན་པ་དང་། མཛའ་འབྲེལ་ཇེ་ཟབ་ཏུ་འགྲོ་བ། ངོས་འཛིན་གཅིག་མཐུན་ཡོང་བ་བཅས་བྱས་ཡོད། ཨུ་ཡོན་གྱི་གཏམ་རྒྱུད་130ལྷག་ཙམ་བསྡུ་རུབ་བྱས་པ་དང་འབྲེལ་རྩོམ་སྒྲིག་བྱས་ནས། “ཐུང་ཞིང་སྙན་འཇེབས”ལྡན་པའི་གཏམ་རྒྱུད་དང་གསོན་ཉམས་ལྡན་པའི་དཔེ་མཚོན་དྲག་འདེམས་ཧྲག་སྒྲུག་བྱས་པ་མ་ཟད། བརྙན་ལམ་དང་དྲ་ཐོག་ནས“གཏམ་རྒྱུད་ཤོད་པའི”བྱེད་སྒོ་གཏིང་ཟབ་སྤེལ་ཏེ། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད། མུ་མཐུད་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལོ་གསར་ཇ་སྟོན་ཚོགས་འདུ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་དབྱར་དུས་མཛའ་འབྲེལ་ཚོགས་འདུ་འཚོགས་པ་དང་། གསར་གཏོད་བྱས་ནས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཆོས་ཕྱོགས་འཐུས་ཚབ་པའི་མཛའ་འབྲེལ་ཚོགས་འདུ་འཚོགས་པ། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་རྒྱག་རྒྱུའི”གཙོ་གནད་དོ་ཁུར་བྱེད་སའི་གནད་དོན་བརྡ་ཁྱབ་ཚོགས་འདུ་དང་“ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་ཕན་སྐུལ་གཏོང་བའི”ཁ་གཏད་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། 《ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཀྱི་ཆོས་ཕྱོགས་ཨུ་ཡོན་ལ་སྤྲིངས་པའི་གྲོས་འགོ་འདོན་ཡིག》བཀྲམ་པ་བཅས་བྱས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི“མོས་པ་ལྔ”ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆེད་དོན་ལས་དོན་ཁག་ནང་ཞུགས་ནས་ལས་འགན་ཁག་ཡོངས་སུ་ལེགས་སྒྲུབ་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་སྤྱི་ཡོངས་དང་ལེན་ཞུ་བ་མ་ཟད་དེར་ཞབས་ཞུ་བསྒྲུབས་ནས་ཚོགས་པ་སྒྲིག་འཛུགས་ཀྱིས་པར་ཙིར་དང་པོ་ལི་ཝེ་ཡར་འཚམས་འདྲིར་བསྐྱོད་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དྲིལ་བསྒྲགས་ཧུར་ཐག་བྱས་ཡོད། རང་འགུལ་ངང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་འདུ་སྣ་ཚོགས་ནང་ཧུར་ཐག་ཞུགས་པ་མ་ཟད་གཏམ་བཤད་ཀྱང་སྤེལ་ཡོད། མི་དམངས་སྲིད་གྲོས་ཀྱི་ཚགས་པར་སོགས་སྨྱན་སྦྱོར་ལ་མཐུན་སྦྱོར་ཧུར་ཐག་བྱས་ནས་རང་ལྗོངས་སུ“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུའི་བོད་ཀྱི་ལག་ལེན”གྱི་བཅར་འདྲིའི་བྱེད་སྒོ་སྤེལ་བ་དང་། རང་ལྗོངས་ཀྱི་གོང་འཕེལ་གྲུབ་འབྲས་དང་ཨུ་ཡོན་གྱི་འགན་སྒྲུབ་ཉམས་བཟང་མངོན་པའི་གནས་འཕྲིན་ཟབ་མོ་ཁག་གཅིག་གཅིག་སྡུད་ཐོག་སྤེལ་ཡོད། རིམ་རྩིས་བྱས་ན་རིགས་ཁག་གི་ཆེད་དོན་པར་གཞི་དང་བརྙན་ཐུང་ལ་མཐེབ་རྡེབ་བྱེད་གྲངས་ཁྲི་4000ལས་བརྒལ་བས་རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་སུ་བོད་ལྗོངས་སྲིད་གྲོས་ཀྱི་སྐད་སྒྲ་དང་དམིགས་བསལ་ཁྱད་ཆོས་མངོན་ཐུབ་པ་བྱུང་ཡོད།

    (གསུམ) ལྟེ་བར་དམིགས་ནས་འགན་འཁྲི་འཁུར་ཕོད་པ་བྱས་ཏེ“དོན་ཆེན་བཞི”དང་“འཛུགས་གཏོད་བཞི”ལ་ཞབས་ཞུ་ནུས་ལྡན་བསྒྲུབ་རྒྱུའི་ཐད་ཡར་རྒྱས་གསར་པ་བྱུང་བ། སྲིད་གྲོས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་རྩ་དོན་དང་། སྲིད་དོན་ཇུས་འབུལ་དང་ངོས་འཛིན་གཅིག་མཐུན་གོང་བུར་འགྲིལ་རྒྱུའི་ཕྱོགས་གཉིས་ཀ་ནས་ཤུགས་རྒྱག་པའི་བླང་བྱར་གཞི་ཚུགས་ཐོག ལས་རིགས་ཁག་དང་ཁྱབ་ཁོངས་ཁག་ལ“མངོན་པ་གསུམ་དང་ཕན་ཡོད་གཅིག”གི་བླང་བྱ་དོན་འཁྱོལ་ནུས་ལྡན་བྱ་རྒྱུར་དམིགས་ཏེ་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། “གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་ཕན་སྐུལ་ཧུར་ཐག་གཏོང་བ”དང་། “བོད་ཀྱི་ཆུ་ནུས་ཐོན་ཁུངས་གསར་སྤེལ་བྱ་རྒྱུར་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ནས། རྒྱལ་ཁབ་ཀྱི‘ཐཱན་གཉིས’ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་རོགས་བྱེད་པ”དང་། “ཚན་རྩལ་རྣམ་པའི་ཁེ་ལས་སྐྱོང་སྤེལ་དང་གོང་འཕེལ་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རོགས་བྱེད་པ” “གྲོས་མོལ་དམངས་གཙོའི་དགེ་མཚན་འདོན་སྤེལ་བྱས་ནས། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ(སྡེ་ཁུལ)ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རོགས་བྱེད་པ” “འདུ་ཤེས་གསུམ་གྱི་སློབ་གསོའི་ཁྲོད་ཆོས་ཕྱོགས་ལས་རིགས་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ” “གསར་བརྗེའི་རིག་དངོས་དང་གསར་བརྗེའི་རྗེས་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ”སོགས་ཀྱི་ཆེད་དོན་གྲོས་མོལ་ཚོགས་འདུ་འཚོགས་ཤིང། གྲོས་མོལ་བྱས་འབྲས་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གདེང་འཇོག་གང་ལེགས་ཐོབ་པ་དང་། གྲོས་འགོ་ཁག་གཅིག་ཏང་སྲིད་ཀྱི་ཐབས་ཇུས་བྱེད་ཐབས་སུ་བསྒྱུར་ཡོད། གྲོས་མོལ་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ་དང་། གྲོས་མོལ་བྱེད་ཐེངས་མང་དུ་གཏོང་བ། གྲོས་མོལ་བྱེད་ཁྱོན་ཆེ་རུ་གཏོང་བ། གྲོས་མོལ་བྱེད་ལམ་གཤོང་བ་བཅས་ཀྱི་ཐོག་ནས“ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི”གྲོས་དོན་ལ་དམིགས་ནས་ཁ་གཏད་གྲོས་མོལ་བྱས་པ་དང་། “མཐའ་མཚམས་ཀྱི་ཉོ་ཚོང་ཟོག་འགྲེམས་ལས་རིགས་གོང་འཕེལ”ལ་སྐུལ་འདེད་གཏོང་རྒྱུའི་ཐད་རིགས་ཁོངས་གྲོས་མོལ་བྱེད་དུ་བཅུག་སྟེ། “ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུའི་གྲོས་མོལ་གླེང་སྟེགས”ཐོག་མ་དེ་གཉེར་བ། “སྤྱི་སྤྱོད་མཁའ་འགྲུལ་ཐོན་ལས་གོང་འཕེལ་ཤུགས་ཆེན་གཏོང་བར”དམིགས་ཏེ་ཐབས་ལེགས་ཇུས་བཟང་རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་ཡོད། “ཕུལ་བྱུང་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་གདེང་ཚོད་ཟབ་ཏུ་གཏོང་བའི་ཁྲོད་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ”དང་། “སྲིད་གྲོས་ཀྱི་ཏང་ལེགས་སྐྱོང་བྱ་རྒྱུར་དམིགས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ཁྲོད་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ”སོགས་ལ་དམིགས་ནས་སྤུན་ཟླའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)དུ་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བསྐྱོད་ཡོད། “ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱེད་པའི་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་དོན་འཁྱོལ་དང་ས་གནས་དེ་གའི་ལས་མི་སྤྱོད་པའི་གནས་ཚུལ”དང་། “གཉིས་ཡང་སྲིད་ཇུས་དོན་འཁྱོལ་བྱས་ནས། སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ”དང་“རང་ལྗོངས་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་སྤེལ་ནས། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པ” “གསར་བརྗེའི་ཐོན་ཁུངས་དང་ལོ་རྒྱུས་རིག་གནས་ལེགས་སྐྱོང་བྱེད་པ”སོགས་ཀྱི་གྲོས་དོན་ལ་དམིགས་ནས་ཨུ་ཡོན་གྱི་གཟིགས་ཞིབ་བྱེད་སྒོ་སྤེལ་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་དམངས་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་མཐུན། མཉམ་ཤུགས་གཅིག་སྒྲིལ་བཅས་ཆགས་པ་བྱས་ཏེ། སྲིད་དོན་ཇུས་འབུལ་སྔར་བས་གོ་ཆོད་པ་དང་། ངོས་འཛིན་གཅིག་མཐུན་སྔར་བས་ནུས་པ་ལྡན་པ། མཐུན་སྒྲིལ་ཟབ་མོ་སྔར་བས་ཤུགས་ཆེ་བ་བཅས་ཡོང་ཐུབ་པ་བྱས་ཡོད།

    (བཞི) དམངས་ཀྱི་དོན་དུ་འགན་འཁྲི་བསྒྲུབས་ནས་ཐོག་མའི་བསམ་འདུན་དོན་གཉེར་བྱས་ཏེ། ཏང་དང་སྲིད་གཞུང་ལ་དམངས་ཀྱི་བདེ་རྩ་ཇེ་ཆེར་གཏོང་རོགས་བྱ་རྒྱུའི་ཐད་ཡར་རྒྱས་གསར་པ་བྱུང་བ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་ལག་བསྟར་བྱས་ཏེ། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་རྒྱུ་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་སྲིད་གྲོས་ཀྱི་འགན་ནུས་སྒྲུབ་པའི་ཤུགས་རྒྱག་སར་བརྩིས་ནས་ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་། རྒན་གསོ། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་གནད་དོན་ལ་དམ་པོར་དམིགས་ནས་བརྟག་ཞིབ་གྲོས་མོལ་བྱས་ཏེ། “དམངས་འཚོའི་ལས་གཞི་ཆེན་པོ་བཅུ”ལག་བསྟར་བྱེད་རོགས་བྱས་ཡོད། “ལྷ་སའི་གྲོང་ཁུལ་རྙིང་པར་སྲུང་སྐྱོབ་དང་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ”དང་། “གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་བདེ་ཐང་ཡོང་རྒྱུར་ཞབས་འདེགས་ཞུ་བ” “ཞིང་འབྲོག་པའི་རྩལ་ནུས་སྦྱོང་བརྡར་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཁ་སྒྱུར་ལས་ཞུགས་ལ་སྐུལ་འདེད་གཏོང་བ”སོགས་ཀྱི་ཆེད་དོན་ལ་དམིགས་ཏེ། གནས་ཚུལ་དང་སྲིད་དོན་ཤེས་རྟོགས་ཀྱི་ཚོགས་འདུ་དང་། ཁ་གཏད་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ། ཁྲིམས་བཟོའི་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་བཅས་འཚོགས་ནས། དམངས་འཚོའི་ཁྱབ་ཁོངས་ཀྱི་གནད་དོན་15མཐུན་སྦྱོར་ལྡན་པའི་ངང་ཐག་གཅོད་བྱས་ཡོད། “མཐའ་མཚམས་བདེ་འཇགས་དང་། རིག་ནུས་མཐའ་སྲུང། མཐའ་སྲུང་དཔུང་ཁག་འཛུགས་སྐྱོང་”དང་། “སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ” “ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ”སོགས་ལ་དམིགས་ནས་ཆེད་དོན་རྟོག་ཞིབ་བྱས་ཤིང་། དམངས་འཚོའི་གླེང་ཆ་ཆེ་བ་དང་དཀའ་གནད་ཆེ་བའི་གནད་དོན་30ལྷག་ཙམ་བསྡུ་རུབ་བྱས་ཏེ། ཐབས་ཇུས་ལག་བསྟར་བྱ་རྒྱུར་ཕན་སྐུལ་བཏང་ནས་མི་དམངས་ཀྱི་བདེ་རྩ་འཕེལ་ཐུབ་པ་བྱས་ཡོད། “ལས་གཞི་ཁྲི་སྟོང་”གི་ཉམས་མྱོང་དང་“ཕུའུ་ཅང་གི་ཉམས་མྱོང་”ལ་སློབ་སྦྱོང་བྱས་པ་མ་ཟད་དེ་དཔྱད་གཞིར་བཟུང་ནས། “གཞི་རིམ་དུ་བསྐྱོད་པ་བཞིའི”ཕུལ་བྱུང་སྤྱོད་ཚུལ་རྒྱུན་འཛིན་དར་སྤེལ་གཏོང་བ་དང་། “བྱ་བ་དངོས་སྒྲུབ་པ”དང“གཤམ་དུ་བསྐྱོད་ཅིང་ངོ་བཅར་སྣེ་ལེན་ཞུ་བ” རིམ་བཞིའི་སྲིད་གྲོས་ཨུ་ཡོན“གཞི་རིམ་དུ་བསྐྱོད་ནས་གྲོགས་པོ་སྒྲིག་པ་དང་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཡུལ་བབ་དམངས་འདུན་གསལ་ཞུ་བྱེད་པ”སོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན་སྤེལ་ལམ་རྒྱ་ཆེར་བཏང་ཞིང་། ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་2023ལོའི་ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་ལས་དོན་སྤེལ་མཁན་སྔོན་ཐོན་མཉམ་སྡེབ་དང་། སྔོན་ཐོན་མི་སྒེར། ཕུལ་བྱུང་གི་ཡུལ་བབ་དམངས་འདུན་ཆ་འཕྲིན་བཅས་ལ་གཟེངས་བསྟོད་སྤྲད་ནས། ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་དེ་དམངས་འཚོའི་ནང་མངོན་པ་དང་ཇུས་ཐག་གཅོད་རྒྱུར་ཞབས་ཞུ་སྒྲུབ་པའི་བྱེད་ཐབས་ནུས་ལྡན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ཡོད།

    (ལྔ) རྨང་རྩ་གཉིས་བརྟན་གྱིས་བྱང་ཚད་མཐོ་རུ་བཏང་སྟེ། སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུའི་ཐད་ཡར་རྒྱས་གསར་པ་བྱུང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས། 《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཞིབ་ཕྲའི་བྱ་ཐབས》ལ་བཟོ་བཅོས་བརྒྱབ་ནས་ཏང་ཙུའུ་ཡི་བྱེད་པོའི་འགན་འཁྲི་དང་ཚན་ཁག་གི་ཁོངས་མིའི“གནས་གཅིག་འགན་གཉིས”ལག་བསྟར་བྱས་པ་དང་། རྒྱུན་བསྲིངས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱས་ཏེ་དར་སྲོལ་གསར་པ་བཏོད་ཡོད། ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མིས་གཞི་རིམ་ལ་འབྲེལ་གཏུག་དང་ཁྲིད་སྟོན་བྱེད་པའི་ལས་ཀའི་ལམ་ལུགས་བཟོས་ཏེ་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ངེས་པར་དུ་བྱེད་དགོས་པ་བརྒྱད”དང“མིག་དཔེ་དྲུག”ལག་ལེན་བསྟར་རྒྱུའི་སྣེ་ཁྲིད་དེ། རིམ་པ་གཅིག་གིས་གཅིག་ལ་སྐུལ་ཁྲིད་དང་དམ་འཛིན་བྱེད་པའི་དཔེ་སྟོན་ནུས་པ་བཏོན་ཡོད། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། འགན་སྒྲུབ་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་དམིགས་ཏེ། རིམ་རིགས་དབྱེ་ནས་གསར་བསྐོས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བའི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང་། ཨུ་ཡོན་གྱི་འགན་སྒྲུབ་ཡིག་ཚགས་དང་། འགན་འཁྲི་སྒྲུབ་ཚུལ་བསྡོམས་རྩིས། འགན་སྒྲུབ་དཔྱད་བསྡུར་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཨུ་ཡོན་གྱིས་རྒྱལ་ཁབ་དང་དམངས་ཀྱི་དོན་དུ་འགན་འཁྲི་གཙང་སྒྲུབ་བྱེད་སེམས་ཆེ་རུ་བཏང་ཡོད། ཆེད་དོན་ཨུ་ལྷན་གྱི་རྨང་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། “ཨུ་ལྷན་རེར་གྲགས་རྟགས་རེ”ཡོད་པའི་འགན་སྒྲུབ་བྱེད་སྟངས་དང་“ཀྲི་པུའུ་རེར་ཁྱད་ཆོས་རེ་ལྡན་པའི”ཏང་འཛུགས་གྲགས་རྟགས་བཏོད་ཡོད། ལས་ཁུངས་ཀྱི་ཞབས་ཞུའི་འགན་སྲུང་ནུས་པ་འདོན་སྤེལ་བྱས་ཏེ། ཟླ་རེའི་བཀོད་གཏོང་ལས་ཀའི་ལམ་སྲོལ་བཙུགས་ནས། ལས་ཁུངས་ཀྱི་ལས་དོན་རྣམ་གྲངས་ཅན་དང་། གསལ་ཐོ་ཅན། འགན་འཁྲི་ཅན་བཅས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད། བོད་ལྗོངས་སྲིད་གྲོས་རིགས་གཞུང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མིའི་ཚོགས་ཆེན་སྐབས་གཉིས་པ་དང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་སྐོང་ཚོགས་བྱས་པ་དང་། སྲིད་གྲོས་ཀྱི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ། 《བོད་ལྗོངས་སྲིད་གྲོས》དང《བོད་ལྗོངས་སྲིད་གྲོས་ཀྱི་རིགས་གཞུང་ཞིབ་འཇུག་དང་ལག་ལེན》སོགས་ཀྱི་དུས་དེབ་ཡག་པོ་གཉེར་ནས། སྲིད་གྲོས་ཀྱི་འདུ་ཤེས་འཛིན་སྟངས་ཐད་ཀྱི་འཐབ་ས་ཡག་པོ་བསྲུངས་ཡོད། སྤེལ་རེས་དང་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་སྲིད་གྲོས་དང་སྤུན་ཟླའི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)སྲིད་གྲོས་ལ་གཞོགས་འདེགས་ཀྱིས་བོད་དུ་བརྟག་ཞིབ་ཐེངས་21བྱས་ཡོད། 《དུས་རབས་གསར་པའི་གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ལག་བསྟར་དོན་འཁྱོལ་བྱེད་པར་བརྟག་ཞིབ་བྱས་ཏེ་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་རྫོང་སྲིད་གྲོས་ཀྱི་ལས་དོན་ལ་འབྲེལ་གཏུག་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཡོད།

    ཨུ་ཡོན་རྣམ་པ། སྲིད་གྲོས་སྐབས་གསར་པས་སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ་མ་ཟད་སྐུལ་འདེད་ཏན་ཏིག་བཏང་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བའི་འབྲས་བུ་ཡིན་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་མཛུབ་ཁྲིད་ཞིབ་ཚགས་གནང་བའི་འབྲས་བུ་ཡིན་ལ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་པན་ཀྲང་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་ཡིན་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྤྱི་ཚོགས་ཕྱོགས་ཁག་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བའི་འབྲས་བུ་ཡིན་པ་དང་། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། སྲིད་གྲོས་ལས་བྱེད་པ་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུའང་ཡིན་པས། འདིར་ངས་རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    ལོ་གཅིག་རིང་གི་འགན་སྒྲུབ་ལག་ལེན་ཁྲོད་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་བ་ནི། སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་ན་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་སྒྲིལ་སེམས་སྐྱེད་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དགོངས་པ་གལ་ཆེན་འདིའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་ཟིལ་ཤུགས་གཏིང་ནས་རྟོགས་ཐུབ་པ་དང་། སྲིད་གྲོས་ལས་དོན་གྱི“རྐང་”དང་“བླ་སྲོག”ཁོང་དུ་ཆུད་ཐུབ་པ་བྱེད་དགོས་པ་དང་། ངེས་པར་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས། སྲིད་གྲོས་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་མི་སྣ་སྔར་བས་མང་བ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་ཡོང་བར་དམིགས་ཏེ། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་སྲོག་ཤིང་ལ་སེམས་དབུས་ནས་དགའ་གུས་ཐུབ་པ་དང་རང་རྟོགས་ངང་སྲོག་ཤིང་ལ་བརྩི་བཀུར་དང་། དེར་སྲུང་སྐྱོང་དང་དེའི་རྗེས་སུ་དམ་པོར་འབྲང་ཐུབ་པ་བྱེད་དགོས་པ། ངེས་པར་དུ་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། སྲིད་གྲོས་ལས་དོན་ཁག་དང་བརྒྱུད་རིམ་ཆ་ཚང་ནང་ཏང་གི་འགོ་ཁྲིད་བྱ་རྒྱུ་དོན་འཁྱོལ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཁག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་ནས་མདུན་དུ་སྤེལ་ཐུབ་པའི་འགན་སྲུང་བྱེད་དགོས་པ། ངེས་པར་དུ་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་ངོས་འཛིན་གཅིག་མཐུན་གང་ཆེ་ཡོང་བར་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས་མི་དམངས་སྲིད་གྲོས་འདི་ཉིད“གཡུལ་ས་གལ་ཆེན་དང་། ལས་སྟེགས་གལ་ཆེན། ཐབས་ལམ་གལ་ཆེན”བཅས་སུ་འགྱུར་བར་སྐུལ་འདེད་བཏང་སྟེ། “དངོས་སུ་དོན་འཁྱོལ་ཐུབ་པ་དང་གོང་བུ་འགྲིལ་ཐུབ་པའི”ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས་པ། ངེས་པར་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་ཀྱིས། སྤྱི་ཡོངས་ལ་ངོས་འཛིན་དང་། སྤྱི་ཡོངས་ལ་སྟངས་འཛིན། སྤྱི་ཡོངས་ལ་ཞབས་ཞུ་བཅས་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་དང་གོམ་སྟབས་གཅིག་མཐུན་གྱིས་ཕྱོགས་གཅིག་ཏུ་ཤུགས་རྒྱག་དགོས་པ། ངེས་པར་དུ་ཕྱོགས་ཡོངས་ནས་གྲོས་མོལ་དམངས་གཙོ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས། སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ངོ་བོ་དང་ངེས་གནས་ལ་གཞི་ཚུགས་ནས། གྲོས་མོལ་ཁྲོད་རྒྱ་ཁྱབ་ཏུ་མཐུན་སྒྲིལ་བྱེད་པ་དང་མི་དམངས་དམངས་གཙོ་ལག་ལེན་བྱེད་པར་སྐུལ་འདེད་བཏང་སྟེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་དུ་འགྱུར་ཐུབ་པ་བྱེད་དགོས་པ་བཅས་ཡིན།

    དེ་དང་དུས་མཚུངས། ང་ཚོས་ལས་དོན་ཁྲོད་ད་དུང་ལྷག་བསྡད་པའི་ཞན་ཆ་དང་མི་འདང་བའི་ཆ་འགའ་ཤས་ཡོད་པར་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་དགོས་པ་སྟེ། ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་ནུས་པ་འཛུགས་སྐྱོང་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། བརྟག་ཞིབ་གྲོས་མོལ་གྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས་པ། ངོས་འཛིན་གཅིག་མཐུན་ཡོང་བའི་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏོང་དགོས་པ། ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་ཁག་གཅིག་གི་འགན་འཁྲི་སྒྲུབ་ནུས་སྔར་བས་ཆེ་རུ་གཏོང་དགོས་པ་སོགས་ཀྱི་ཐད་ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན།

    2024ལོའི་ལས་ཀའི་གྲོས་འཆར།

    ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཞིག བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བ་དང་བོད་ཀྱི་སྲིད་གྲོས་དབུ་བརྙེས་ནས་ལོ་65འཁོར་བའི་ལོ་ཞིག་བཅས་ཡིན་པས་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་པོ་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ལས་དོན་གྱི་སྤྱིའི་བླང་བྱ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ལྔ་པ། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཐོག གཡོ་འགུལ་སྤུ་ཙམ་མེད་པར་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་གོང་འཕེལ་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་སྲོག་ཤིང་དུ་བརྩི་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་གཙོ་རྐང་དུ་བརྩི་བ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་མཐུན་ཡོང་བ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བརྩི་བ་བཅས་ཀྱི་ཐོག་ནས་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་རྒྱུན་འཁྱོངས་ཀྱིས“དོན་ཆེན་བཞིར”དམ་པོར་དམིགས་པ་དང“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་སྒྲིལ་བ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། སྔར་ལས་ལྷག་པའི་ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ཏེ། དུས་རབས་གསར་པའི་སྲིད་གྲོས་ལས་དོན་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལེའུ་གསར་པ་བརྩམས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་ཕྱིར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།

    (གཅིག)ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་རྒྱུ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཐོག བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱ་རྒྱུ། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་སྟེ་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་གོ་རིམ་བརྒྱུད་ནས་ཏང་གི་འདོད་འདུན་དེ་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཐུན་མོང་གི་འདོད་བློ་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བ་བྱ་རྒྱུ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་གྲོས་ཀྱི་ཏང་གི་འཛུགས་སྐྱོང་ཁག་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འགན་འཁྲི་བསྒྲུབ་རྒྱུར་སྐུལ་སྤེལ་གཏོང་རྒྱུ།

    (གཉིས)བསམ་བློར་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་གཏིང་ཟབ་སྤྲས་ཏེ། བློ་སྒྲིལ་སེམས་སྐྱེད་ཀྱིས་རྩ་བ་བརྟན་པོ་འཛུགས་རྒྱུ། “གྲོས་དོན་དང་པོ”དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། “རིགས་པའི་གཞུང་ལུགས་སློབ་སྦྱོང”གི་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་སྟེ། མྱོང་བ་གཏིང་ཟབ་དང་། རྟོགས་དོན་ནང་འཇགས། འབྲས་བུ་དངོས་སྒྱུར་བཅས་བྱ་རྒྱུར་ཤུགས་བརྒྱབ་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་རྒྱུ། “རིག་དཔལ་དར་བའི་སྲིད་གྲོས། ཨུ་ཡོན་གྱི་དཔེ་ཀློག”བྱེད་སྒོ་སོགས་གཞི་རྟེན་དུ་བྱས་ནས། “དྲ་ཐོག+དྲ་མིན”དང་། “རང་སྦྱོང+མཉམ་སྦྱོང”“འགན་སྒྲུབ་དགོས་མཁོ+རིགས་ཁོངས་ཀྱི་ཁྱད་ཆོས”སོགས་རིམ་པ་མང་བ་དང་ཕྱོགས་ཡོངས་ལ་ཁྱབ་པའི་ཨུ་ཡོན་གྱི་དཔེ་ཀློག་རྣམ་པ་བཏོད་དེ། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་། གནས་བབ། འགན་འཁྲི། ནུས་པ་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ཐོག རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་རྒྱུ།

    (གསུམ)གྲོས་མོལ་གྱི་ལས་འགན་གཙོ་བོར་དམིགས་ནས་ནུས་ཤུགས་ཡོད་རྒུས“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་རྒྱུ། སྲིད་གྲོས་ཀྱི་ལས་དོན་དེ་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་སྤེལ་གཏོང་བའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམ་པོར་དམིགས་ནས་འཇུག་སྒོ་དང་ཤུགས་རྒྱག་ས་འཚོལ་ཞིབ་གནད་འཁེལ་བྱས་ཐོག མི་འབོར་དང་། མི་སེམས། ཤེས་ལྡན་མི་སྣ་བཅས་ཀྱི་གནད་དོན་གྱི་ནང་དོན་ཟབ་མོར་སྟངས་འཛིན་གནད་འཁེལ་བྱས་ནས་ལག་ལེན་བསྟར་འཐུས་ཀྱི་ལོ་འཁོར་གྱི་གྲོས་མོལ་འཆར་གཞི་བཟོ་འབེབས་བྱ་རྒྱུ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་གཞིགས་ཏེ“ལས་གཞི་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ལ་དམིགས་ནས་བརྟག་ཞིབ་སྲིད་གླེང་གཏིང་ཟབ་བྱེད་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྔོན་སྐྱོད་ཁུལ་འཛུགས་གཏོད་བྱ་རྒྱུར་གཞིགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པ་དང་། ཁྱད་ལྡན་ཐོན་ལས་སྐྱོང་སྤེལ་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། དངོས་གཞིའི་དཔལ་འབྱོར་སྟོབས་ཆེར་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་གྲོས་མོལ་ཇུས་འདོན་ནུས་ལྡན་བྱེད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་གཞིགས་ཏེ་རྒྱལ་ཁོངས་ས་ཆ་སྔོ་སྒྱུར་དང་། སྦགས་བཙོག་འགོག་བཅོས། ཁོར་ཡུག་སྲུང་སྐྱོབ། སྐྱེ་ཁམས་དམངས་ཕན་སོགས་ལ་དམིགས་ནས་དམངས་གཙོའི་ལྟ་སྐུལ་བྱེད་པ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུར་གཞིགས་ཏེ། ཐོན་ལས་གོང་འཕེལ་དང་། “རིག་ལྡན་མཐའ་སྲུང”སོགས་ལ་དམིགས་ནས་ལྟ་ཞིབ་དང་རྟོག་ཞིབ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ནས། ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་ཐབས་ཇུས་ལག་བསྟར་ནུས་ལྡན་བྱེད་པར་ཞབས་འདེགས་དེ་བས་ལེགས་པ་ཞུས་ཏེ་ལས་དོན་ཁག་དོན་འཁྱོལ་བྱེད་པར་ཕན་སྐུལ་གཏོང་རྒྱུ།

    (བཞི)འགན་འཁྲི་སྒྲུབ་པའི་ལྟེ་བའི་ལྷུ་ཚིགས་དམ་འཛིན་བྱས་ནས་ངོས་འཛིན་གཅིག་མཐུན་ཡོང་བའི་ཕན་ནུས་ཆེ་རུ་གཏོང་རྒྱུ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་མཐུན་ཡོང་བ་བྱ་རྒྱུ་དེ་ལས་འགན་སྒྲུབ་པའི་ལྟེ་བའི་ལྷུ་ཚིགས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་། བསམ་བློ་ཁྲིད་སྟོན་ལས་སྟེགས་ཀྱི་གཞི་རྟེན་གསར་གཏོད། ངོས་འཛིན་གཅིག་མཐུན་གྱི་ལག་ལེན་ཐབས་ལམ་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ཐོག་ནས་མི་དམངས་སྲིད་གྲོས་ཀྱི་སེམས་ཤུགས་གཅིག་སྒྲིལ་བྱེད་པའི་ལམ་ལུགས་ཀྱི་ཕན་ནུས་ཆེ་རུ་གཏོང་རྒྱུ། “འབྲེལ་གཏུག་བཞིའི”ལས་ཀར་ཤུགས་སྣོན་བརྒྱབ་སྟེ། “གྲོགས་པོ་སྒྲིག་པའི”བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། “ཨུ་ཡོན་གྱི་གཏམ་རྒྱུད”གསོན་ཉམས་ལྡན་པའི་སྒོ་ནས་ཤོད་པ། ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གནད་སེལ་བ། ཡིད་ཆེས་བརྟན་དུ་གཏོང་བ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབ་རྒྱུ་དང་། འབྲེལ་བ་མཐུན་སྦྱོར་དང་། འགལ་ཟླ་འདུམ་སེལ། ངར་ཤུགས་སྐུལ་སློང་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབ་རྒྱུ། མཐུན་སྒྲིལ་དང་དམངས་གཙོའི་ཁྲོད་དུ་བསམ་བློ་དང་ཆབ་སྲིད་སྣེ་ཁྲིད་བྱ་རྒྱུའི་སྙིང་གཏམ་ཤོད་རེས་དང་བཅར་འདྲི་འཚམས་འདྲིའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ངོས་འཛིན་གཅིག་མཐུན་ཡོང་བ་དང་སྟོབས་ཤུགས་གཅིག་བསྡུས་བྱ་རྒྱུ་དམིགས་ཚད་དུ་འཛིན་པའི་མཐུན་སྒྲིལ་མཛའ་འབྲེལ་གྱི་བྱེད་སྒོ་སྤེལ་རྒྱུ།

    (ལྔ)ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་གྲོས་མོལ་དམངས་གཙོའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་སོགས་ཀྱི་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོས་མོལ་མཉམ་འགུལ་གཏིང་ཟབ་དང་། བསམ་འཆར་གང་ལེགས་མཚོན་པ། ངོས་འཛིན་རྒྱ་ཁྱབ་ངང་གཅིག་མཐུན་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་དང་། གྲོས་མོལ་དམངས་གཙོ་ཁྱབ་ཆེ་རིམ་མང་གི་ལམ་ལུགས་ཅན་དུ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བ། དེ་བཞིན་ཚང་འཛོམས་གྲོས་ཚོགས་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ། ཆེད་དོན་གྲོས་མོལ་ཚོགས་འདུ། དེ་བཞིན་གྲོས་གཞི་གཉེར་སྒྲུབ་གྲོས་མོལ། ཁ་གཏད་གྲོས་མོལ། རིགས་ཁོངས་གྲོས་མོལ་སོགས་གྲོས་མོལ་བྱེད་སྟངས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་སྟེ། “ཨུ་ཡོན་རེར་གྲོས་གཞི་སྤུས་དག་རེ་ཡོད་དགོས་པའི”འགན་སྒྲུབ་གྲགས་རྟགས་གཏོད་པར་ཤུགས་རྒྱག་རྒྱུ། 《སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་ཏེ། སྲིད་གྲོས་ཀྱི་སྒྲིག་ཡིག་གཞིར་བཟུང་གྲོས་མོལ་རྣམ་པའི་ལྟ་སྐུལ་བྱ་རྒྱུར་དམིགས་ནས་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》ལ་དག་བཅོས་བྱས་ཏེ། “འདོན་པ་དང་། བཟོ་བ། སྒྲུབ་པ། ལྟ་སྐུལ”བཅས་ཀྱི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་གྲོས་གཞིའི་སྤུས་ཚད་དང་། གཉེར་སྒྲུབ་ཀྱི་སྤུས་ཚད། ཞབས་ཞུའི་སྤུས་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ།

    (དྲུག)ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་དོ་སྣང་བྱས་ཏེ། འགན་འཁྲི་སྒྲུབ་པའི་ལས་ཀའི་རྨང་གཞི་བརྟན་དུ་གཏོང་རྒྱུ། “སྲིད་གྲོས་ལ་རྒྱུས་ལོན་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ་བཅས་དང་། དེ་བཞིན་སྒྲིག་ཁྲིམས་ལ་བརྩི་སྲུང་དང་། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་ལ་མཐོང་ཆེན”བཅས་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཐབས་ལམ་མང་པོར་བརྟེན་ནས་ཨུ་ཡོན་ལ་སློབ་སྦྱོང་དང་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་གཏོང་བ་དང་། ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་ཨུ་ཡོན་སྒྲིག་འཛུགས་ཀྱིས་རང་འགན་གཙང་སྒྲུབ་བྱས་ཏེ་ཆབ་སྲིད་ཁོང་དུ་ཆུད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་གཏུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“ཤིན་ཏུ་བཞིའི”ཆབ་སྲིད་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། བྱང་ཚད་མཐོ་བའི་སྲིད་གྲོས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ། མུ་མཐུད་སྤྱོད་ཚུལ་ལེགས་བཅོས་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་སྲིད་གྲོས་ཀྱི་འགན་སྒྲུབ་བྱེད་སྒོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཐུབ་པ་བྱ་རྒྱུ་མཐའ་འཁྱོངས་དང་། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་བརྟག་དཔྱད་རྟོག་ཞིབ་ཀྱི་ལྷུ་ཚིགས་ཁག་ནང་མངོན་པར་བྱས་ནས་གསར་འགྱུར་དྲིལ་བསྒྲགས་དང་། རིགས་གཞུང་ཞིབ་འཇུག རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག ཡུལ་བབ་དམངས་འདུན་མཚོན་པའི་ཆ་འཕྲིན་སྤེལ་བ་སོགས་རྒྱུན་གཏན་རང་བཞིན་གྱི་ལས་ཀར་རིམ་བཞིན་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་རྫོང་གི་སྲིད་གྲོས་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། ནུས་ཤུགས་གང་ཡོད་ཀྱིས་རིམ་ཁག་སྲིད་གྲོས་ཀྱི་སྤུས་ཚད་མཐོ་བའི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་གལ་ཆེའི་གྲོས་མོལ་བྱེད་སྒོ་སྒྲིག་འཛུགས་ཡག་པོ་བྱས་ཏེ། གོང་འོག་མཉམ་འགུལ་དང་འགན་འཁྲི་མཉམ་སྒྲུབ་བྱེད་པའི་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱ་རྒྱུ།

    ཨུ་ཡོན་རྣམ་པ། དགོངས་པས་དུས་རབས་ལ་སྣེ་ཁྲིད་དང་། འབད་པས་ཕུགས་འདུན་འགྲུབ་པར་བྱེད། ལོ་རྒྱུས་ཀྱི་དུས་མཚམས་གསར་པར་སླེབས་མཚམས་འདིར། མི་དམངས་སྲིད་གྲོས་ཀྱི་ལས་འགན་ལྕི་ལ་ལམ་ཐག་རིང་། མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་གཞི་མང་བས། ལས་འགན་གསར་པ་ཕྲག་ཏུ་ཁུར་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཆོད་སེམས་བརྟན་པོས་འབད་འབུངས་ཡར་བརྩོན་དང་། དཀའ་སྤྱད་ཁུར་ལེན་དང་དཔའ་སྟོབས་ཆེན་པོས་མདུན་དུ་བསྐྱོད་དེ། བློ་གཅིག་སེམས་གཅིག་དང་ཕྱོགས་མཐུན་མཉམ་སྐྱོད་ཀྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།