དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

    སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-13

    (2024ལོའི་ཟླ་1ཚེས་6ཉིན) སྒྲོལ་དཀར།

    ཨུ་ཡོན་རྣམ་པ།

    ངས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཚོགས་ཆེན་ཐོག་གྲོས་གཞིའི་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས་ཞུ།

    གཅིག

    2023ལོར། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ནང་ཞུགས་ཚན་པ་ཁག་དང་ཆེད་དོན་ཨུ་ལྷན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་གལ་ཆེའི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད། ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག “དོན་ཆེན་བཞིར”དམིགས་ཏེ“འཛུགས་གཏོད་བཞིའི”ཐད་ནུས་ཤུགས་གཅིག་ཏུ་བསྒྲིལ་བ་དང“རྒྱལ་ཁབ་ཀྱི་དོན་ཆེན”དང་། ལྗོངས་ཡོངས་ཀྱི་གཙོ་གནད་ལས་དོན། དམངས་ཀྱིས་དོ་ཁུར་བྱེད་ས་བཅས་ལ་དམ་པོར་དམིགས་ཏེ་གྲོས་གཞི་འདོན་པ་དང་། བློ་འདྲི་ཇུས་འདོན་བྱེད་པ། ངོས་འཛིན་གཅིག་ཏུ་བསྒྲིལ་བ་བཅས་ཀྱི་ཐོག་ནས་བོད་ལྗོངས་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ལོ་གཅིག་རིང་། ཁྱོན་བསྡོམས་གྲོས་གཞི་ཁག་328འབྱོར་བ་དང་། ཞིབ་བཤེར་བྱས་པ་བརྒྱུད། གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཁག་312ཡོད་པ་དེས་ཨུ་ཡོན་གྱིས་བཏོན་པའི་གྲོས་གཞི་ཡོངས་ཀྱི་95.12%བཟུང་ཡོད། དེའི་ནང་ཚང་འཛོམས་གྲོས་ཚོགས་འཚོག་རིང་གི་གྲོས་གཞི་ཁག་298ཡོད་པ་དང་ཚོགས་འདུ་གྲོལ་རིང་གི་གྲོས་གཞི་ཁག་14ཡོད། མི་དམངས་སྲིད་གྲོས་ཀྱིས་གྲོས་གཞིར་བརྟེན་ནས་འགན་ནུས་བསྒྲུབ་རྒྱུ་དང་སྒྲུབ་འགན་འཁུར་མཁན་ཚན་པ་ཁག་གིས་སྲིད་གྲོས་ཀྱི་གྲོས་གཞི་བསྒྲུབ་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོ་དང་། སྤྱོད་ཚུལ་ལེགས་བཅོས། དོན་འཁྱོལ་དམ་འཛིན་བཅས་དང་ཟུང་འབྲེལ་བྱེད་པ་དང་། ཨུ་ཡོན་དང་འབྲེལ་གཏུག་གྲོས་མོལ་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། གྲོས་གཞི་སྒྲུབ་པའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བའི་ལས་དོན་ལ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད། ཟླ་12པའི་ཟླ་མཇུག་བར། གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཁག་312ཡོད་པ་དེ་དག་ལ་ལན་འདེབས་ཚད་100%ཟིན་པ་མ་ཟད། དོན་འཁྱོལ་བྱེད་ཚད་དང་ཨུ་ཡོན་བློ་ཡིད་ཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད།

    (གཅིག) རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་དམིགས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་གཅིག་ཏུ་བསྒྲིལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུས་གཙོ་རྐང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས“ལས་གཞི་ཆེན་པོ་བཞི”དང“ལས་འགུལ་ཁག་དྲུག”ལ་སྐུལ་འདེད་གཏོང་རོགས་བྱས་ཡོད། ཨུ་ཡོན་ཚོས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཚམ་མཐུན་ཡོང་བར་ཁྲིད་སྟོན། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན། བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ལ་དམིགས་ཏེ་གྲོས་གཞི་ཁག་42བཏོན་པ་དེས་གྲོས་གཞི་ཡོངས་ཀྱི་13.46%བཟུང་ཡོད། དཔེར་ན། “འདུ་ཤེས་གསུམ་གྱི་སློབ་གསོར་བརྟེན་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི”གྲོས་གཞི་དེར་དམིགས་ཏེ་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་འབྲེལ་གཏུག་དང་གསོ་སྐྱོང་བྱེད་པའི་ལམ་སྲོལ་བཙུགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་རྒྱུ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་དྲིལ་བསྒྲགས་དཔྱད་ཞིབ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་རིམ་གསུམ་ཤེས་ཡོན་གྱི་གནས་ཐོབ་ལམ་ལུགས་དང་གཙོ་གནད་གསོ་སྐྱོང་ལམ་ལུགས་འཛུགས་རྒྱུར་སྐུལ་སྤེལ་བཏང་ནས། ཆོས་ལུགས་ལས་རིགས་མི་སྣས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་ཕྱིར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུར་སྐུལ་སློང་དང་རྒྱབ་སྐྱོར་བྱས་ཡོད། “སྤྱི་ཕན་ཐེབས་རྩའི་དགེ་སྒྲུབ་ནུས་པ་འདོན་སྤེལ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་ཕན་སྐུལ་གཏོང་དགོས་པའི་སྐོར”གྱི་གྲོས་གཞིའི་ནང་དགེ་སྒྲུབ་རྩ་འཛུགས་ཀྱི་ལོ་བཤེར་ལས་དོན་རྒྱུན་མཐུད་སྤེལ་ནས། དགེ་སྒྲུབ་རྩ་འཛུགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་དང་། སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱ་རྒྱུར་སྐུལ་སློང་། ལས་རིགས་རང་གཅུན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གྲོས་འགོ་བཏོན་པར་བརྟེན། དགེ་སྒྲུབ་ལས་ཁུངས་ཀྱི་སྤྱི་མོས་ཡོང་ཤུགས་དང་ལས་ཀའི་གསལ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།

    (གཉིས) ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་རྒྱུར་དམིགས་ཏེ་བསྒྱུར་བཅོས་དང་། གསར་གཏོད། གོང་འཕེལ་བཅས་ཀྱི་ཐད་བློ་གྲོས་གཅིག་སྡུད་བྱས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་དང་། གོང་འཕེལ་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་གོང་འཕེལ་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཡོད། ཨུ་ཡོན་རྣམ་པས་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་ཁོར་ཡུག་ལེགས་སྒྱུར་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ཏུ་འཛུགས་སྐྲུན་གང་མགྱོགས་བྱེད་པ། ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་ཞིབ་གྲུབ་འབྲས་དངོས་སྒྱུར་ལ་སྐུལ་འདེད་གཏོང་བ། ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་འཐུས་ཚང་བཟོ་བ། རིག་གནས་ཡུལ་སྐོར་གོང་འཕེལ་གཏོང་བ་སོགས་ཐད་ཀྱི་གྲོས་གཞི་ཁག་227བཏོན་པ་དེས་གྲོས་གཞི་ཡོངས་ཀྱི་72.76%བཟུང་ཡོད། དཔེར་ན། “ལྷ་སའི་གྲོང་ཁུལ་རྙིང་པ་སྲུང་སྐྱོབ་བྱ་རྒྱུ་དང་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར”གྱི་ཨུ་ཡོན་གྱི་རྟོག་ཞིབ་སྙན་ཞུའི་ནང་། ལྷ་སའི་གྲོང་ཁུལ་རྙིང་པའི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུར་དམིགས་ཏེ། ལྷ་སའི་གྲོང་ཁུལ་རྙིང་པའི་རིག་གནས་རྒྱུན་འཛིན་དང་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུའི་ཐད་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་ཁྲོམ་གཞུང་དང་གནའ་གྲོང་ཤེས་རིག་གི་འཕེལ་རྒྱུན་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུའི་གྲོས་འགོ་བཏོན་པ་དེར་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད། རྒྱ་ཆེའི་གྲོང་མི་རྣམ་པས་ཁས་ལེན་གང་ལེགས་བྱེད་ཀྱི་ཡོད། “མངའ་རིས་ས་གནས་སུ་མཐའ་བརྟན་ཕྱུག་འགྱུར་གྱི་ལྕགས་ལམ་བསྐྲུན་རྒྱུའི་སྐོར”གྱི་གྲོས་གཞི་དེར་དམིགས་ཏེ་རང་སྐྱོང་ལྗོངས་འཕེལ་བསྒྱུར་ཨུ་ལྷན་གྱིས་གྲོས་གཞིའི་བསམ་འཆར་དབྱེ་གསེད་ནན་ཏན་བྱས་ནས་ཨུ་ཡོན་ཚོར《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པ”དང་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བའི་འཆར་འགོད》ནང་དོན་སྙན་སེང་ཞུས་པ་མ་ཟད། རྒྱལ་ཁབ་ལྕགས་ལམ་ཚོགས་པ་སོགས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ཤིན་བོད་ལྕགས་ལམ་གཞིས་རྩེ་ནས་ཧོ་ཐེན་བར་གྱི་དུས་འགོའི་ཞིབ་འཇུག་དང་ལག་ལེན་བསྟར་འཐུས་ཀྱི་སྙན་ཞུར་ཞིབ་བཤེར་བྱས་ཟིན་ཡོད། “སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་སྐོར”གྱི་གྲོས་གཞིའི་ནང་། བོད་ཀྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བའི་ནང་ཁེ་ལས་དང་སྤྱི་ཚོགས་ཀྱིས་ཧུར་ཐག་ཞུགས་རྒྱུར་སྐུལ་མ་བཏང་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ནུས་པ་འདོན་རོགས་བྱེད་དགོས་པའི་གྲོས་འཆར་བཏོན་ཡོད།

    (གསུམ) རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་དམིགས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཐབས་འདོན་ཇུས་འདོན་བྱས་པ། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། “རི་བོ་གཉིས”ཀྱི་འདུ་ཤེས་ཟབ་ཏུ་བཏང་ཡོད། ཨུ་ཡོན་རྣམ་པས་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་གི་སྐྱིན་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་སོགས་ལ་དམིགས་ནས་གྲོས་གཞི་ཁག་38བཏོན་པ་དེས་གྲོས་གཞི་ཡོངས་ཀྱི་12.18%བཟུང་ཞིང་། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཐབས་འདོན་ཇུས་འབུལ་བྱས་ཡོད།

    དཔེར་ན། “ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འཆར་འགོད་བཟོ་རྒྱུའི་སྐོར”གྱི་གྲོས་གཞི་དེར་དམིགས་ཏེ་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ལུང་ཤུར་དཔལ་འབྱོར་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད》དང་། 《བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་གཙང་ཆུ་རྒྱུག་ཁུལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད》《བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་སྲིང་གོང་འཕེལ་གྱི་བྱ་ཐབས་འགའ་ཞིག》《བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད(2021ལོ་ནས་2035ལོའི་བར)》སོགས་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འབྲེལ་ཡོད་སྒྲིག་སྲོལ་ལམ་ལུགས་དང་སྲིད་ཇུས་ལ་གསལ་འགྲེལ་ཟབ་མོ་བྱས་པ་མ་ཟད། 《བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད(2021ལོ་ནས་2035ལོ་བར)》དག་བཅོས་ཀྱི་ལས་དོན་ལ་གསལ་འགྲེལ་བྱས་ནས། སླད་ཕྱིན་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་གསལ་བཤད་བྱས་ཡོད། “དར་ལྕོག་རྙིང་པ་དང་བེད་མེད་དུ་བསྐྱུར་བའི་ཁ་བཏགས་ཀྱིས་ཁོར་ཡུག་སྦགས་བཙོག་བཟོ་རིགས་བཅོས་སྒྲིག་བྱ་རྒྱུའི་སྐོར”གྱི་གྲོས་གཞི་དེར་དམིགས་ཏེ་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས《བཞུ་རུང་དར་ལྕོག་ཁྱབ་གདལ་གཏོང་རྒྱུ་དང་བེད་སྤྱོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། དྲིལ་བསྒྲགས་ཁྲིད་སྟོན་ལ་སྣང་ཆེན་དང་། གཅིག་གྱུར་འཆར་འགོད་ལ་མཐོང་ཆེན། འབྱུང་རྩ་ནས་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ། བཀལ་འགེལ་གྱི་དོ་དམ་ཚད་ལྡན་བཟོ་བ། བསྡུ་རུབ་དང་གཙང་སེལ་བྱ་རྒྱུ་ཚད་ལྡན་བཟོ་བ། ལས་ཀའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་སོགས་ཕྱོགས་6ཐད་ནས་དར་ལྕོག་བཅོས་སྒྲིག་ལས་དོན་གྱི་དོ་དམ་བྱ་ཐབས་བཏོན་ཡོད།

    (བཞི)རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུར་དམིགས་ཏེ་མཐའ་སྲུང་སྲ་བརྟན་དང་བདེ་འཇགས་ཡོང་བའི་ཇུས་གཞི་བཏིང་བ། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་འཛིན་དང་། མཐའ་སྲུང་དང་མཐའ་དར་གལ་ཆེ་མཉམ་འཛིན་རྒྱུན་འཁྱོངས་བྱས་ནས་མཐའ་བརྟན་མཐའ་སྲུང་གི་འཕྲལ་མཁོ་དང་། མུག་ཟོས་ལ་འཐབ་རྩོད་བྱེད་པའི་འཕྲལ་སྤྱོད། མཐའ་མཚམས་མང་ཚོགས་ཀྱི་རེ་བ་བཅས་ཀྱི་གལ་ཆེའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ཨུ་ཡོན་རྣམ་པས་མཐའ་མཚམས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དང་མཐའ་མཚམས་ཀྱི་ཞིང་ལས་ཐོན་སྐྱེད་གོང་འཕེལ་གཏོང་རྒྱུ་དང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་སོགས་ལ་དམིགས་ནས་གྲོས་གཞི་ཁག་5བཏོན་པ་དེས་གྲོས་གཞི་ཡོངས་ཀྱི་1.6%བཟུང་ཞིང་། རང་ལྗོངས་ཀྱི་མཐའ་མཚམས་འཛུགས་སྐྲུན་ཐད་བསམ་འཆར་དང་གྲོས་འཆར་བཏོན་ཡོད། དཔེར་ན། “བོད་ཀྱི་མཐོ་རིམ་སློབ་ཐོན་སློབ་མ་མཐའ་མཚམས་ས་ཁུལ་དུ་ལས་ཞུགས་གང་ཐུབ་བྱ་རྒྱུའི”མིང་མཉམ་འགོད་ཀྱི་གྲོས་གཞི་དེར་དམིགས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། འཕེལ་སྒྱུར་ཨུ་ལྷན། སློབ་གསོ་ཐིང་། ནོར་སྲིད་ཐིང་སོགས་ལྗོངས་ཐད་གཏོགས་ཚན་པ་14ཡིས་དམིགས་བསལ་དུ་རང་སྐྱོང་ལྗོངས་ཀྱི་བཏོན་པའི་མཐའ་མཚམས་བདེ་སྡོད་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་18དོན་འཁྱོལ་བྱས་ནས་མཐོ་རིམ་སློབ་ཐོན་སློབ་མ་མཐའ་མཚམས་ས་ཁུལ་དུ་ལས་ཞུགས་བྱེད་པའི་ཡིད་དབང་འགུག་ཤུགས་དང་ཁྲིད་སྟོན་ནུས་པ་ཆེ་རུ་བཏང་ཡོད། དུས་མཚུངས། གཞུང་ཞབས་པའི་བསྡུ་རྒྱུགས་དང་། ལག་རྩལ་གོ་མིང་དཔྱད་སྤྲོད་གདན་ཞུ། དམིགས་བསལ་གསོ་སྐྱོང་། རྒྱུགས་སྤྲོད་ཆ་རྐྱེན་སོགས་གྱི་ཐད་མཐའ་མཚམས་ཁུལ་ལ་སྲིད་ཇུས་འཕར་གཟིགས་བྱས་ཡོད།

    གཉིས།

    ལོ་གཅིག་རིང་། གྲོས་གཞིའི་ལས་དོན་སྤེལ་བའི་ནང་། ལྟེ་བར་དམིགས་པ་དང་། ཁྱོན་ཡོངས་ལ་ཞབས་ཞུ། སྤུས་ཚད་མཐོར་གཏོང་། ཕན་འབྲས་ཐོན་ཐབས་བྱེད་པ་བཅས་ལ་དམིགས་ཏེ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་སྲིད་གྲོས་ལས་དོན་སྐོར་གྱི་མཆན་བཀོད་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། གྲོས་འཆར་དང་གྲོས་གཞི་བསྒྲུབ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་སྐུལ་འདེད་ཚོགས་འདུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་ནས། གྲོས་གཞིའི་སྤུས་ཚད་དང་། གཉེར་སྒྲུབ་སྤུས་ཚད། ཞབས་ཞུའི་སྤུས་ཚད་སོགས་མཐོ་རུ་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་དང་གྲོས་གཞིའི་ལས་དོན་གྱི་གྲགས་རྟགས་རྩེ་གྲ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་གྲོས་གཞིའི་ཆུ་ཚད་མཐོ་རུ་སོང་བ་དང་། སྒྲུབ་གཉེར་སྤུས་ཚད་དང་ལྡན་པ། ཞབས་ཞུ་སྔར་ལས་ཡག་པ་བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

    (གཅིག)གནད་ལ་འཁེལ་བའི་སྒོ་ནས་གྲོས་གཞི་འདེམས་པ་དང་གནད་ལ་འཁེལ་བའི་སྒོ་ནས་གྲོས་ཁོངས་སུ་འཇུག་རྒྱུ་རྒྱུན་འཁྱོངས་བྱས་པ། ཚང་འཛོམས་གྲོས་ཚོགས་འཚོག་རིང་། གྲོས་གཞི་ལེགས་འདེམས་དང་། བརྟག་དཔྱད་ཞིབ་འཇུག གྲོས་འགོ་འདོན་པ་སོགས་ཀྱི་ཐད་ལ་གྲོས་མོལ་དང་བསམ་ཚུལ་བརྗེ་རེས་བྱས་པ་མ་ཟད། 《ཨུ་ཡོན་ལ་སྤྲིངས་པའི་འཕྲིན་ཡིག》དེ་ཨུ་ཡོན་ཡོངས་ལ་བསྐུར་བ་དང་། 《གྲོས་གཞི་བསྒྲུབས་ཚུལ་བདམས་བསྒྲིགས》དང་། 《གྲོས་གཞིའི་དཀར་ཆག》《གྲོས་གཞི་འདོན་སྐབས་ཤེས་དགོས་པའི་གནད་དོན》སོགས་རྩོམ་སྒྲིག་པར་འདེབས་བྱས་ནས་ཨུ་ཡོན་རྣམས་ཀྱིས་གྲོས་གཞི་འདོན་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ཡོད། ཨུ་ཡོན་གྱིས་གནས་ཚུལ་ཤེས་རྟོགས་དང་སྲིད་དོན་གསལ་ཤེས་བྱེད་པའི་ཐབས་ལམ་རྒྱ་སྐྱེད་གཏོང་ཆེད། རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གདན་ཞུ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་ཕྱོགས་ཀྱི་གནས་ཚུལ་སྐོར་ངོ་སྤྲོད་གནང་རོགས་ཞུས་ཏེ་ཨུ་ཡོན་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་སྲིད་གཞུང་གི་སྲིད་སྐྱོང་བྱ་ཐབས་ཤེས་རྟོགས་ཟབ་མོ་བྱུང་ཡོད།

    གནས་ཚུལ་ཡོད་པ་དང་། དབྱེ་ཞིབ་ཡོད་པ། ཞིབ་ཕྲའི་གྲོས་འཆར་ཡོད་པ་བཅས་ཀྱི་གྲོས་གཞི་བཏོན་ནས་གནད་དུ་འཁེལ་བའི་གྲོས་གཞི་འདོན་རྒྱུ་དང་ཚན་རིག་དང་མཐུན་པའི་གྲོས་གཞི་གྲོས་ཁོངས་སུ་འཇུག་རྒྱུར་རྨང་གཞི་བཏིང་ཡོད།

    (གཉིས) དངོས་ཐོག་བདེན་འཚོལ་གྱིས་སྒོ་མོ་ཕྱེ་ནས་ཇུས་འབུལ་དང་ལེན་ཞུ་རྒྱུ་མཐའ་འཁྱོངས་བྱས་པ། གསར་བསྐོས་སྲིད་གྲོས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་ཆེ་རུ་གཏོང་བའི་སྦྱོང་བརྡར་འཛིན་གྲྭ་དང“སྲིད་གྲོས་སློབ་ཁང”ལ་བརྟེན་ནས་གྲོས་གཞིའི་ལས་སྒོའི་སྐོར་གྱི་ཤེས་བྱ་འཆད་ཁྲིད་བྱས་ཏེ། ཨུ་ཡོན་ཡོངས་དང་ལྷག་པར་དུ་གསར་བསྐོས་ཨུ་ཡོན་རྣམས་ཀྱིས“གྲོས་གཞི་ཇི་ལྟར་འབྲི་དགོས་པ”གསལ་པོ་མི་ཤེས་པའི་གནད་དོན་ཐག་གཅོད་བྱེད་སྟངས་གཙོ་གནད་དུ་བཞག་ནས་ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་ཆེ་རུ་ཏན་ཏིག་བཏང་ཡོད། རིགས་ཁོངས་ཚོགས་ཆུང་གི་ཤེས་ལྡན་མི་སྣའི་ལེགས་ཆ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་ཇུས་འགོད་ཞིབ་ཚགས་དང་། ངེས་གནས་གཏན་འཁེལ། སྒྲིག་འཛུགས་ཚགས་ཚུད། ཐག་གཅོད་གནད་སྨིན་བཅས་བྱས་པ་མ་ཟད། ངོ་འཕྲད་གྲོས་མོལ་དང་། ཁ་གཏད་གྲོས་མོལ། གཅིག་སྡུད་གྲོས་མོལ། ཆེད་དོན་གྲོས་མོལ། མཉམ་འགུལ་གྲོས་མོལ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོས་མོལ་བྱེད་རྒྱ་ཆེ་རུ་བཏང་བ་དང་གྲོས་མོལ་གྱི་སྤུས་ཚད་མཐོ་རུ་བཏང་ཡོད།

    (གསུམ) གོམ་སྟབས་གཅིག་གྱུར་ཐོག་ནས་སྤུས་ཚད་ཀྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་པ། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཏོན་པའི“བླང་བྱ་ལྔ”ལག་བསྟར་གཏིང་ཟབ་དང་། སྲིད་གྲོས་ཏང་ཙུའུ་ཡི“མཐོར་འདེགས་གསར་པ་ལྔའི”དམིགས་ཚད་དང་ལས་འགན་དོན་འཁྱོལ་བྱས་ཏེ། གྲོས་གཞི་སྒྲུབ་སྐུལ་བྱེད་པའི་ནང་ཐེ་ཞུགས་བྱེད་རྒྱ་ཆེ་རུ་བཏང་བ་མ་ཟད། གྲོས་གཞིའི་ལས་དོན་དང་ཆེད་དོན་ཨུ་ལྷན་གྱི་ལས་དོན་དབར་དང་། རིགས་ཁོངས་ཁག་གི་ཨུ་ཡོན་དབར་ཕན་ཚུན་སྐུལ་འདེད་གཏོང་རེས་བྱས་ནས་གྲོས་གཞིའི་སྒྲུབ་རྒྱ་དང་སྒྲུབ་ཚད་ཆེ་རུ་བཏང་ཡོད། གཏན་འཁེལ་བྱས་པའི་གཙོ་གནད་གྲོས་གཞི་ཁག་35ཡི་ནང་། སྲིད་གཞུང་འགོ་ཁྲིད་ཀྱིས་མིང་བཀོད་སྒྲུབ་སྐུལ་བྱས་པའི་གྲོས་གཞི་ཁག་17དང་། སྲིད་གྲོས་འགོ་ཁྲིད་ཀྱིས་མིང་བཀོད་སྒྲུབ་སྐུལ་བྱས་པའི་གྲོས་གཞི་ཁག་12 སྲིད་གྲོས་ཆེད་དོན་ཨུ་ལྷན་གྱིས་མིང་བཀོད་སྒྲུབ་སྐུལ་བྱས་པའི་གྲོས་གཞི་ཁག་6བཅས་ཡོད་ཅིང་། དེ་དག་ཚང་མ་དོན་འཁྱོལ་བྱུང་བ་མ་ཟད། འདི་བྱས་འདི་མིན་གྱི་ལན་སྤྲོད་གསལ་པོ་བྱས་ཡོད། ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་གྲོས་གཞི་སྒྲུབ་པའི་སྤུས་ཚད་དེ་འགན་ནུས་སྡེ་ཚན་གྱི་ལོ་འཁོར་ལས་རྗེས་ཀྱི་དམིགས་ཚད་དཔྱད་ཞིབ་ནང་བཅུག་ནས། གྲོས་གཞི་སྒྲུབ་པའི་ལས་དོན་དེ་སྤུས་ཚད་མཐོ་བའི་ལན་འདེབས་བྱེད་པ་ནས་སྤུས་ཚད་མཐོ་བའི་དོན་འཁྱོལ་ལ་སྣུར་སྲིང་བྱ་རྒྱུའི་ཐོག་ལྡོག་འདེད་བྱས་ཡོད། གཉེར་སྒྲུབ་དང་སྒྲུབ་སྐུལ་བྱེད་པའི་ཁྲོད། གཙོ་གནད་གྲོས་གཞིའི་གནད་དོན་དང་། འགན་འཁྲི། ལས་འགན་བཅས་ཀྱི“གསལ་ཐོ་གསུམ”སྔར་བས་དབྱེ་གསེད་བྱས་ནས་གཙོ་གཉེར་དང་མཉམ་གཉེར་ཚན་པར་སྒྲུབ་སྤྲོད་བྱས་པ་མ་ཟད། འགན་འཁྲིའི་ཚན་པ་དང་། འགན་འཁྲི་འཁུར་མི། ལེགས་གྲུབ་དུས་ཚད་བཅས་ཁ་གསལ་བཟོས་པར་བརྟེན། གྲུབ་འབྲས་དངོས་སྒྱུར་གྱི་ཕན་ནུས་ཆེ་རུ་ཏན་ཏིག་སོང་ཡོད།

    (བཞི) ལྷག་བསམ་ཟོལ་མེད་ཀྱིས་འབྲེལ་གཏུག་གྲོས་མོལ་བྱ་རྒྱུ་མཐའ་འཁྱོངས་བྱས་པ། རང་སྐྱོང་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་གཞི་བསྒྲུབ་རྒྱུ་དེ་གྲོས་གཞི་དོན་འཁྱོལ་བྱེད་པའི་བྱ་ཐབས་གཙོ་བོར་བཟུང་ནས། ཐེ་ཞུགས་བྱེད་རྒྱ་ཆེ་རུ་གཏོང་བ་དང། གཙོ་གནད་མངོན་ཆེར་འཛིན་པ། ཕན་འབྲས་དོན་གཉེར་བྱེད་པ་བཅས་དམིགས་ཚད་དུ་བཟུང་ནས། སྔ་རྗེས་སུ་གཙོ་གནད་གྲོས་གཞིའི་གྲོས་མོལ་ཚོགས་འདུ་ཐེངས་9འཚོགས་པ་དང་། གཙོ་གནད་གྲོས་གཞིར་ཆེད་དོན་བརྟག་དཔྱད་ཐེངས་16བྱས་ནས། གཙོ་གནད་དང་དཀའ་གནད་ཀྱི་གྲོས་གཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་ཡོད་ལ། ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གིས་སྒྲུབ་འགན་འཁུར་མཁན་ཚན་པ་དང་མཉམ་དུ་སྔ་རྗེས་སུ་གྲོས་མོལ་ཚོགས་འདུ་ཐེངས་7འཚོགས་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་མིང་བཀོད་སྒྲུབ་སྐུལ་བྱས་པའི་གཙོ་གནད་གྲོས་གཞི་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་། འཕེལ་བསྒྱུར་ཨུ་ལྷན། སློབ་གསོ་ཐིང་། མི་སྤྱི་ཐིང་། འགྲིམ་འགྲུལ་ཐིང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ནགས་རྩྭ་ཅུད་སོགས་སྡེ་ཚན་གྱིས་ཆེད་དོན་སྒྲུབ་སྤྲོད་ཚོགས་འདུ་འཚོགས་ནས། གྲོས་གཞི་སྒྲུབ་སྤྲོད་གནད་ལ་འཁེལ་བ་དང་། དོན་ཐོག་ཏུ་འཁྱོལ་བ། དུས་ཐོག་ཏུ་ལན་སྤྲོད་པ་བཅས་ལ་སྐུལ་འདེད་བཏང་ཡོད།

    (ལྔ) སེམས་ཤུགས་གཅིག་སྒྲིལ་གྱིས་རང་འགུལ་ངང་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་པ། གཅིག་བསྡུས་སྦྱོང་བརྡར་དང་། ཚོགས་སྦྱོང་གཉིས་འཐུས། བཞུགས་མོལ་སྤེལ་རེས་བྱེད་པ། རིགས་གཅིག་མཁས་པས་སློབ་ཁྲིད་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ཨུ་ཡོན་ལ་སྦྱོང་བརྡར་དང་གྲོས་གཞི་སྒྲུབ་སྟངས་སྐོར་གྱི་སྦྱོང་བརྡར་སྤྲས་ཏེ། ཨུ་ཡོན་གྱིས་གྲོས་གཞི་འབྲི་བའི་ཆུ་ཚད་མཐོ་རུ་བཏང་བ་དང་། གྲོས་གཞི་གཉེར་སྒྲུབ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཡོད། ཨུ་ཡོན་དང་འབྲེལ་གཏུག་བྱ་རྒྱུ་དང་། གྲོས་གཞི་སྒྲུབ་པར་རྗེས་འདེད་ལན་སྤྲོད་བྱེད་ལམ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ་མ་ཟད། གྲོས་གཞི་མ་སྒྲུབ་གོང་དང་། གྲོས་གཞི་སྒྲུབ་རིང་། གྲོས་གཞི་སྒྲུབ་རྗེས་ཨུ་ཡོན་དབར་ངོ་འཕྲད་བྱེད་པའི་ལས་ཀའི་ལམ་སྲོལ་ཁྱབ་སྤེལ་བཏང་བས། གྲོས་གཞི་སྒྲུབ་ཚད་གནད་དུ་འཁེལ་བ་དང་ལན་བཏབ་ཚད་བློ་ཡིད་ཚིམ་པོ་བྱུང་ཡོད། ཨུ་ཡོན་གྱིས་རྒྱུན་ལྡན་གྲོས་གཞི་འདོན་པར་འབྲེལ་གཏུག་དང་སྒྲུབ་སྐུལ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། རྒྱུན་ལྡན་གྱི་གྲོས་གཞི་སྒྲུབ་པའི་གོ་ཆོད་ཡུན་ཚད་དང་ཚད་ལྡན་རང་བཞིན་ལེགས་སུ་བཏང་བ་མ་ཟད། སྒྲུབ་གཉེར་དངོས་སྒྱུར་གྱི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ་བྱས་ཡོད།

    གྲུབ་འབྲས་མཐོང་བ་དང་དུས་མཚུངས། ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་གྲོས་གཞིའི་ལས་དོན་ཁྲོད་ད་དུང་མི་འདང་ས་ཡོད་པར་ངོས་འཛིན་གསལ་པོ་བྱེད་དགོས་པ་སྟེ། མཚོན་ཚུལ་གཙོ་བོ་ནི། ཨུ་ཡོན་ཚོས་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལས་དོན་ལ་དམིགས་ཏེ་གནད་དོན་ལ་བསམ་གཞིགས་གཏིང་ཟབ་བྱ་རྒྱུ་མི་འདང་བ་དང་། གྲོས་གཞི་རྩེ་གྲ་བཟོ་བའི་འདུ་ཤེས་ཟབ་མོ་མེད་པ་དང་བྱེད་ཐབས་མང་པོ་མེད་པ། རིགས་ཁོངས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་གྲོས་གཞིར་ཆེད་དོན་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བའི་ནང་ཞུགས་རྒྱུ་མི་འདང་བ། ནུས་པ་འདོན་སྤེལ་བྱེད་ཤུགས་མངོན་གསལ་དོད་པོ་མེད་པ། གྲོས་གཞི་སྒྲུབ་པའི་སྤུས་འབྲས་ལེགས་གཏོང་ཁྲོད་ཀྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་གནད་འཁེལ་མི་བྱེད་པ་སོགས་ཡིན། གནད་དོན་དེ་དག་ལ་སླད་ཕྱིན་གྱི་ལས་དོན་ཁྲོད་མཐོང་ཆེན་དང་ལེགས་བཅོས་བྱེད་དགོས་ཀྱི་ཡོད།

    གསུམ།

    2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་ཡིན། གྲོས་གཞིའི་ལས་དོན་སྤེལ་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མ་ཟད། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་གལ་ཆེའི་མཛུབ་སྟོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། དེ་བཞིན་སྲིད་གྲོས་ཏང་ཙུའུ་ཡི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། “དོན་ཆེན་བཞིར”དམིགས་ཏེ“འཛུགས་གཏོད་བཞིར”ནུས་ཤུགས་གཅིག་ཏུ་བསྒྲིལ་བ། གྲོས་གཞིའི་ལས་དོན་གྱི་ལེགས་ཆ་འདོན་སྤེལ་བྱེད་པ། སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    (གཅིག) ཆབ་སྲིད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་གྲོས་གཞིའི་ལས་དོན་དེ་མི་དམངས་སྲིད་གྲོས་ཀྱིས་འགན་ནུས་བསྒྲུབ་རྒྱུ་དང་མི་དམངས་སྲིད་གྲོས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱིས་ནུས་པ་འདོན་སྤེལ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཁྱོན་ཡོངས་ལས་དོན་དང་། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན། སྲིད་གཞུང་གི་སྲིད་སྐྱོང་གཙོ་གནད། མང་ཚོགས་ཀྱི་གླེང་ཆ་ཆེ་ས། སྤྱི་ཚོགས་བཅོས་སྐྱོང་གི་དཀའ་གནད་བཅས་ལ་དམ་པོར་དམིགས་ཏེ། ཨུ་ཡོན་སྒྲིག་འཛུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གྲོས་མོལ་སྲིད་གླེང་གང་ལེགས། གྲོས་གཞི་གདམ་གསེས་གནད་འཁེལ་བཅས་བྱ་རྒྱུ་མ་ཟད། ཏང་སྲིད་ཀྱི་དགོས་མཁོ་དང་། མང་ཚོགས་ཀྱི་རེ་སྒུག དམིགས་བྱ་ཡོད་ལ་རིན་ཐང་ལྡན་པ་བཅས་ཀྱི་བསམ་འཆར་དང་གྲོས་འཆར་བཏོན་ནས། ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་རྒྱུར་ཞབས་ཞུ་སྒྲུབ་དགོས།

    (གཉིས) འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་ལས་ཀའི་ཕན་འབྲས་དངོས་ལ་སྣང་ཆེན་བྱ་རྒྱུ། 《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བྱ་རྒྱུ་དང་། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》བཟོ་བཅོས་བྱས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གྲོས་གཞི་བསྒྲུབ་རྒྱུའི་གཙོ་གནད་ལ་དམ་འཛིན་བྱས་ནས་སྲིད་གྲོས་ཀྱི་སྤྱི་ཡོངས་ལེགས་ཆ་འདོན་སྤེལ་དང་། འདོན་སྒྲུབ་འབྲེལ་མཐུད་དང་ཕྱོགས་བསྡུས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་གཞིའི་ལས་དོན་དེ་ཨུ་ཡོན་གྱིས་འགན་ནུས་སྒྲུབ་པ་དང་། ཆེད་དོན་ཨུ་ལྷན་གྱི་ལས་དོན་སྤེལ་བ། ཡུལ་བབ་དམངས་འདུན་གསལ་ཞུ་བྱེད་པ་སོགས་དང་ཟུང་འབྲེལ་དམ་ཟབ་བྱ་རྒྱུ། སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་རིགས་མཚུངས་གྲོས་གཞིར་མཉམ་འབྲེལ་ཐོག་གྲོས་མོལ་དང་གཉེར་སྒྲུབ་བྱ་རྒྱུ། གཏན་འཁེལ་བྱས་པའི་གཙོ་གནད་གྲོས་གཞིའི་རིགས་ལ་གཙོ་གནད་དུ་སྒྲུབ་སྐུལ་དང་གྲོས་མོལ་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་མ་ཟད། གྲོས་གཞི་ཐེངས་མང་བཏོན་ཀྱང་སྔར་བཞིན་མི་སྒྲུབ་པའི་རིགས་ནུས་ཤུགས་སྒྲིག་འཛུགས་ཀྱིས་ཆེད་དམིགས་སྒྲུབ་སྐུལ་བྱ་རྒྱུ་དང་། ལོ་འཁོར་བརྒལ་ནས་སྒྲུབ་དགོས་པའི་གྲོས་གཞིའི་རིགས་ལ་ཆེད་དམིགས་རྩིས་ཁྲ་བཟོ་རྒྱུ་མ་ཟད། སྒྲུབ་སྐུལ་ལ་རྗེས་སྙེག་ལྟ་སྐུལ་ནུས་ལྡན་བྱས་ནས་གྲོས་གཞིར་གྲོས་མོལ་བྱ་རྒྱུ་དེ་གྲོས་གཞི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ནང་ཁྱབ་པ་བྱ་རྒྱུ་དང་། གྲོས་གཞི་སྒྲུབ་པའི་ཕན་འབྲས་དངོས་ཆེ་རུ་གཏོང་རྒྱུ། འབྲེལ་གཏུག་ཞབས་ཞུའི་ལས་དོན་ཧུར་ཐག་བསྒྲུབས་ནས་རང་འགུལ་ངང་བཅར་འདྲི་དང་མཐུན་སྦྱོར་བྱས་ཏེ་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ།

    (གསུམ) སྤུས་ལེགས་ཀྱི་འདུ་ཤེས་འཛིན་ཤུགས་ཆེར་རུ་བཏང་ནས་ཁྱད་ལྡན་གྱི་བཀྲག་ཆེ་ས་གཏོད་རྒྱུ། གྲོས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་གཞི་འཛིན་སར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི“ཨུ་ཡོན་རེ་ལ་སྤུས་ལེགས་གྲོས་གཞི་རེ་ཡོད་དགོས་པའི”ལས་ཀའི་བླང་བྱ་གཞིར་བཟུང་། སྤུས་ཚད་ཀྱི་ཁྲིད་ཕྱོགས་དེ་གྲོས་གཞི་བསྡུ་རུབ་དང་། གྲོས་ཁོངས་སུ་འཇུག་པ། སྒྲུབ་གཉེར་དང་སྒྲུབ་སྐུལ་བྱེད་པ། ལན་སྤྲོད་བྱེད་པ་བཅས་ཀྱི་ལྷུ་ཚིགས་ཁག་ནང་ཁྱབ་པ་བྱས་ནས། གྲོས་འདོན་གནད་དུ་འཕིགས་པ་དང་། གྲོས་ཁོངས་གནད་དུ་འཁེལ་བ། སྒྲུབ་གཉེར་ཞིབ་ཚགས་པ། ལན་སྤྲོད་ཁ་གསལ་བ་བཅས་བྱ་རྒྱུ་མ་ཟད། གྲོས་གཞིའི་ལས་དོན་དེ་གསལ་ཆ་ཆེ་ལ་གྲགས་ཆེ་བ་དང་། རང་ཚུགས་ཐུབ་པ། ཁྱད་ཆོས་ལྡན་པ། སྤུས་ཀ་ལེགས་པ། ཕན་འབྲས་ཐོན་པ་བཅས་བྱ་རྒྱུ། གྲོས་གཞིའི་སྤུས་ཚད་དང་གྲངས་འབོར་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུ་དང་། ཨུ་ཡོན་རྣམ་པས་གྲོས་གཞིའི་སྤུས་ཚད་ལ་མཐོང་ཆེན་བྱས་ཏེ་ལག་ལེན་བསྟར་འཐུས་དང་སྤུས་ཚད་མཐོ་བའི་གྲོས་གཞི་འདོན་རྒྱུར་ཁྲིད་སྟོན་བྱ་རྒྱུ། གྲོས་ཁོངས་སུ་འཇུག་པའི་ཚད་གཞི་ནན་དུ་གཏོང་བ་དང་། ཞིབ་བཤེར་གྱི་གོ་རིམ་ཚད་ལྡན་བཟོ་བ། ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བརྗོད་གཞི་གནད་དུ་འཁེལ་བ་དང་། གནས་ཚུལ་ཁ་གསལ་བ། གྲོས་འགོ་དོན་དངོས་དང་མཐུན་པ་བཅས་ཀྱི་སྤུས་ཚད་དང་ཆུ་ཚད་མཐོ་བའི་གྲོས་གཞི་ཁག་ཅིག་གྲུབ་ཐུབ་པ་བྱ་རྒྱུ།

    (བཞི) གསར་གཏོད་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་བཏང་ནས་ལག་ལེན་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ། རྒྱུན་རྣམ་གསར་པ་དང་འཚམ་པའི་སྲིད་ཞུགས་སྲིད་གླེང་གི་ཁྱད་ཆོས་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་དང་། གྲོས་གཞིའི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ཁོང་དུ་ཆུད་པ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་བཅས་ཀྱི་དོན་གཅོད་ཐིང་དང་འབྲེལ་མཐུད་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ནང་དོན་འདྲ་བའམ་ཡང་ན་གཅིག་པ་ཡིན་པའི་སྲིད་གྲོས་ཀྱི་གྲོས་གཞི་དང་མི་དམངས་འཐུས་ཚོགས་ཀྱི་གྲོས་འགོ་མཉམ་དུ་སྒྲུབ་སྤྲོད་དང་སྒྲུབ་སྐུལ་བྱེད་པའི་ལམ་སྲོལ་འཚོལ་ཞིབ་དང་ལག་བསྟར་བྱ་རྒྱུ། གྲོས་གཞི་སྒྲུབ་པར“ཕྱིར་མིག་ལྟ་བའི”ལམ་ལུགས་འཛུགས་རྒྱུ་དང་། གྲོས་གཞི་སྒྲུབ་པར་རྗེས་འདེད་དང་ལན་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་གཞི་སྒྲུབ་པའི་ལས་དོན་གསར་གཏོད་དང་། མཐོར་འདེགས། གོང་འཕེལ་བཅས་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    ཨུ་ཡོན་རྣམ་པ། རྒྱང་སྐྱོད་ཀྱི་ལམ་ཐག་རིང་བས། འབད་བརྩོན་མི་བྱེད་དཀའ་མེད་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་མི་དམངས་སྲིད་གྲོས་བྱ་གཞག་གི་མདུན་ལམ་ནི་ཡངས་ཤིང་རྒྱ་ཆེ་བ་དང་མི་དམངས་སྲིད་གྲོས་ཀྱི་གྲོས་གཞིའི་ལས་དོན་ནི་སྒྲུབ་རིན་ཆེན་པོ་ཡོད་པ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱ་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་སྲིད་གྲོས་ཏང་ཙུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་སྲིད་གྲོས་གྲོས་གཞིའི་ལས་དོན་གྱི་སྤུས་འབྲས་ལེགས་གཏོང་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།

    (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།