ཡན་ཅིན་ཧའེ་ཡིས་ལྷ་སའི་གནའ་གྲོང་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷ་ས་གྲོང་ཁྱེར་བར་སྐོར་ཁྲོམ་གཞུང་དུ་ཕེབས་ནས་གནའ་གྲོང་སྲུང་སྐྱོང་གི་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “སྟོང་ལོའི་ཇུས་ཆེན”གྱི་མཐོ་ཚད་ནས་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་སྲུང་སྐྱོང་ཏན་ཏིག་དང་ཡག་པོ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
རེན་ཝེ་དང་། ཤའོ་ཡིའུ་ཚའེ། ཞུས་ཀྲེ་ཐའོ་བཅས་བརྟག་ཞིབ་ལ་ཕེབས་པ་རེད།
ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་གནས་པའི་བར་སྐོར་གནའ་གྲོང་ལ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ལ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཁག་དང་པོའི་གྲས་ཤིག་ཀྱང་རེད། ཡན་ཅིན་ཧའེ་དང་བཅས་པ་སྔ་རྗེས་སུ་གནའ་གྲོང་གི་ཉང་རོང་ཤག་སྒོ་ར་ཆེ་མོ་དང་། སྤང་མདའ་ཚང་སྒོ་ར་ཆེ་མོ། ཁྲི་བྱང་བླ་བྲང་སོགས་སུ་ཕེབས་ཏེ་རིག་དངོས་སྒོ་ར་ཆེ་མོ་སྲུང་སྐྱོང་དང་གནའ་གྲོང་གི་ལས་རྣམ་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ས་གནས་ས་ཐོག་ཏུ་མཁྱེན་རྟོགས་གནང་བ་རེད།
གནས་ཆུང་ཁང་གསར་སྒོ་ར་ཆེ་མོ་དང་དཔལ་གླིང་ལྷོ་བྱང་སྒོ་ར་སོགས་སུ་ཡན་ཅིན་ཧའེ་ཡིས་གྲོང་མིའི་སྒོ་ར་ཆེ་མོའི་སྡོད་ཁང་གི་རྒྱ་ཁྱོན་དང་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་སྦྲགས། གྲོང་མི་བཀྲ་བཟང་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།