དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་གནང་དོན།

    རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-11

    ཚེས་10ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཚང་འཛོམས་གྲོས་ཚོགས་འཚོགས་ནས་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དོན་འཁྱོལ་མྱུར་པོ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་གཙོ་གནད་ལས་འགན་ཁག་བགོས་ཞིབ་ཚགས་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གསུང་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གཙོ་གནད་ལས་འགན་ཁག་བགོས་ཀྱི་ཇུས་གཞི་ནི“ལས་འགན་ཡི་གེ”རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་མིག་དཔེ་འདོན་པ་དང་འཐབ་ས་མདུན་མར་བསྐྱོད་དེ། དམིགས་ཚད་ལ་དམིགས་པ་དང་། ཇི་མ་ཇི་བཞིན། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་དགོས། ཚུགས་གནས་མཐོ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཏང་ཀྲུང་དབྱང་གི་དགོངས་དོན་དང་ཐབས་ཇུས་བཀོད་སྒྲིག་གི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་གནང་བའི་སྤྱིའི་དམིགས་ཚད་དང་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཀོད་སྒྲིག་བྱས་པའི“གཙོ་གནད་ཆེན་པོ་བདུན”གྱི་ལས་འགན་གཞིར་བཟུང་། གཏིང་ཟབ་པོ་དང་། ཞིབ་ཚགས་པོ། ཁ་གསལ་པོ་བཅས་སྔར་ལས་ལྷག་པ་ཡོང་བར་བྱས་ནས་ལག་བསྟར་དོན་འཁྱོལ་ཇི་མ་ཇི་བཞིན་བྱེད་པར་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་རྒྱ་དང་། ཏང་ཀྲུང་དབྱང་ལ་བཀོད་སྒྲིག ལྗོངས་ཏང་ཨུད་ལ་བླང་བྱ་བཅས་ཡོད་པས་ན་སྲིད་གཞུང་ལའང་བྱ་སྤྱོད་ཡོད་པར་བྱས་ནས་བཀོད་པ་ལུང་དུ་འགྲོ་བ་དང་མགོ་ནས་མཇུག་བར་མཐའ་འཁྱོངས་ཐུབ་པར་འགན་ལེན་གྱིས་དངོས་འཛིན་དངོས་སྒྲུབ་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་དབང་ཆ་ཡོད་ན་ངེས་པར་དུ་འགན་འཁྲི་ཡོད་པ་མཐའ་འཁྱོངས་ཀྱིས་སྒྲུབ་དགོས་པའི་བྱ་བ་ཡིན་ན་ལྕི་འགན་ཁུར་ལེན་དང་འགག་སྒྲོལ་དཀའ་སེལ་གྱིས་གནོན་ཤུགས་ག་ཚོད་ཆེ་ཡང་ཡག་པོ་སྒྲུབ་དགོས། འཁུར་དགོས་པའི་འགན་འཁྲི་ཡིན་ན་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་ཤོར་ཏེ་ཉེན་ཁ་ག་ཚོད་ཆེ་ནའང་འགན་འཁྲི་ཁུར་དགོས། མཐའ་ཚད་ཀྱི་བསམ་གཞིག་དང་མཐར་ཟད་ཀྱི་བསམ་གཞིག་མཐའ་འཁྱོངས་ཀྱིས་ལས་དོན་སྒྲུབ་སྟངས་གསར་གཏོད་དང་ལས་འགན་ཐག་གཅོད་ཀྱི་འཇོན་ཐང་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། འགན་འཁྲིའི་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། ལས་འགན་ཁག་བགོས་དང་། གསལ་ཐོ་དོ་དམ། དུས་བཀག་བཀོད་གཏོང་། ལྟ་བཤེར་རྗེས་སྙེགས། ཚོད་སྐོར་འདྲི་རྩད། བྱ་དགའ་ཆད་གཅོད་སོགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་སྲིད་གཞུང་གི་ལྟ་བཤེར་སྒྲུབ་གཉེར་གྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ། ལས་དོན་དངོས་སུ་སྒྲུབ་མཁན་གོང་དུ་བཀུར་བ་དང་། རང་འགན་གཙང་སྒྲུབ། ལེགས་སྐྱེས་འབུལ་ཕོད་པ་བཅས་ཀྱི་ལས་དོན་གྱི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས། སྤྱོད་བཟང་སྒྲིག་ནན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད་པ་མཐའ་འཁྱོངས་ཀྱིས་རང་ཉིད་ཀྱི་ཀུན་སྤྱོད་གཙང་བ་དང་། ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་བ། དཔོན་གནས་བཟུང་སྐབས་སྤྱོད་པ་གཙང་བ་བཅས་བྱས་ནས། བྱ་ངན་སྤྱོད་ངན་བཅོས་སྒྲིག་དང་། སྤྱོད་ཚུལ་ལེགས་གཏོང་། སྲོལ་གསར་འཛུགས་པ་བཅས་མཐའ་འཁྱོངས་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ད་དུང་2023ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལྟ་བཤེར་ལས་དོན་བསྒྲུབས་ཚུལ་བརྡ་ཁྱབ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།