སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།
(2024ལོའི་ཟླ་1ཚེས་9ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ)
སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འཚོག་རིང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགན་སྒྲུབ་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཕུགས་ཡུན་གྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ། རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་དང་དམངས་ཀྱི་ཆེད་དུ་འགན་ཁུར་ནས་གྲོས་གཞིར་བརྟེན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་སྲིད་འདོན་ཇུས་འབུལ་དང་ནུས་ཤུགས་གང་ཡོད་བཏོན་ཡོད།
2024ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་15བར་ཁྱོན་བསྡོམས་གྲོས་གཞི་396འབྱོར་ཞིང་། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》དང《གྲོས་གཞིའི་སྤུས་ཚད་ལེགས་གཏོང་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ལྟར་ཞིབ་བཤེར་བྱས་པ་བརྒྱུད། ཁྱོན་གྲོས་གཞི་377གྲོས་ཁོངས་སུ་བཅུག་པ་དང་། གྲོས་གཞིའི་བསྡོམས་འབོར་གྱི་95.20%ཟིན་པ། གྲོས་གཞི་7ཟླ་སྒྲིལ་བཏང་བ། གྲོས་ཁོངས་སུ་མ་བཅུག་པའི་གྲོས་གཞི་12(དེའི་ནང་གི་གྲོས་གཞི་1བསམ་འཆར་གྲོས་འགོར་བསྒྱུར་བ)བཅས་ཡོད། དེའི་ནང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ཐད་གྲོས་གཞི་79བཏོན་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་21%ཟིན་པ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱེད་པའི་ཐད་གྲོས་གཞི་138བཏོན་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་36.6%ཟིན་པ། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་ཐད་གྲོས་གཞི་43བཏོན་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་11.4%ཟིན་པ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་བྱེད་པའི་ཐད་གྲོས་གཞི་12བཏོན་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་3.2%ཟིན་པ། དམངས་འཚོ་འགན་སྲུང་དང་ལེགས་གཏོང་ཐད་གྲོས་གཞི་105བཏོན་པ་དེས་གྲོས་གཞིའི་བསྡོམས་འབོར་གྱི་27.8%ཟིན་ཡོད།
ད་ཐེངས་ཀྱི་ཚོགས་འདུའི་གྲོས་གཞིས“རྒྱལ་ཁབ་ཀྱི་དོན་ཆེན”དང་། རང་ལྗོངས་ཀྱི་ཇུས་ཆེན། དམངས་ཀྱི་དོ་ཁུར་བཅས་ལ་དམ་པོར་དམིགས་ནས་ཁྱད་ཆོས་བཞི་མངོན་གསལ་དོད་དུ་བཏང་བ་སྟེ། གཅིག་ནས་གྲོས་གཞིའི་ནང་དོན་དེ་བས་གནད་ལ་འཁེལ་བ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱ་རྒྱུ་མཐའ་འཁྱོངས། བཅད་ཁ་ཆུང་ངུ་དང་འབེན་ཁ་གནད་འཁེལ་མངོན་གསལ་དོད་དུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་ཏང་སྲིད་ཀྱི་དགོས་མཁོ་དང་། དམངས་ཀྱི་རེ་སྒུག རང་ངོས་ཀྱི་ལེགས་ཆ་བཅས་འཇུག་སྒོར་བྱས་ནས་འགན་སྒྲུབ་ཇུས་འདོན་ཧུར་ཐག་བྱས་ཡོད། གཉིས་ནས་བརྟག་ཞིབ་དེ་བས་ཟབ་ཏུ་བཏང་བ་དང་། “བརྟག་ཞིབ་མ་བྱས་ཚེ་གྲོས་གཞི་མི་འདོན་པ”མཐའ་འཁྱོངས། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་དྲང་བདེན་གྱི་སྐད་ཆ་ཉན་པ་དང་། བྱ་བ་དངོས་ལ་རྟོག་ཞིབ། དཔང་རྟགས་ཁུངས་བཙན་འཚོལ་བ། དངོས་ཡོད་དང་ཕྱོགས་ཡོངས་ཀྱི་སྒོ་ནས་གནས་ཚུལ་ཤེས་རྟོགས་བཅས་བྱས་ནས་གནད་དོན་ལ་དབྱེ་ཞིབ་གསལ་པོ་བྱས་ཡོད། གསུམ་ནས་གྲོས་འགོ་དེ་བས་ཞིབ་ཚགས་སུ་བཏང་བ་དང་། གནད་དོན་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། བྱ་བ་རེར་གྲོས་གཞི་རེ་དང་ཚིག་ཉུང་དོན་བསྡུས་བཅས་བྱས་ནས་གྲོས་གཞིའི་གྲོས་འགོའི་བཀོལ་སྤྱོད་ཆོག་པའི་རང་བཞིན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད། བཞི་ནས་སྤུས་ཚད་རྒྱུན་མཐུད་མཐོ་རུ་བཏང་བ་དང་། གཙོ་བོ་གྲོས་གཞི་མང་ཉུང་ལ་གཙིགས་སུ་མི་འཛིན་པར་གནད་ལ་འཁེལ་བ་མཐའ་འཁྱོངས། གྲངས་འབོར་དང་སྤུས་ཚད་དང་། དྲ་ཐོག་དང་དྲ་ཕྱི། མིག་སྔ་དང་ཕུགས་ཡུན་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བཅས་བྱས་ནས་ཐབས་འདོན་སྲིད་གླེང་དང་ཇུས་ཤུགས་མཉམ་འདོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་མཐོ་རུ་ཏན་ཏིག་བཏང་ཡོད།
ཚོགས་ཆེན་གྲོལ་རྗེས། གྲོས་གཞི་དེ་དག་སྒྲུབ་གཉེར་ཚན་པར་སྒྲུབ་གཉེར་བྱ་རྒྱུར་འབུལ་རྒྱུ་ཡིན་ཞིང་། གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྒྲུབ་གཉེར་ཚན་པ་དང་གཞོགས་འདེགས་ཡག་པོ་བྱས་ཏེ། སྒྲུབ་སྐུལ་དང་ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།
ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་བསྡུ་མཚམས་བཞག་རྗེས་འབྱོར་བའི་གྲོས་གཞིར་ཞིབ་བཤེར་བྱས་ཏེ་གྲོས་ཁོངས་སུ་བཅུག་རྗེས་རྒྱུན་གཏན་གྱི་གྲོས་གཞིར་བརྩིས་ནས་དུས་ཐོག་ཏུ་འབྲེལ་ཡོད་སྒྲུབ་གཉེར་ཚན་པར་སྒྲུབ་གཉེར་བྱ་རྒྱུར་འབུལ་རྒྱུ་རེད།