དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད།

    (2024ལོའི་ཟླ་1ཚེས་9ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

    ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་2024ལོའི་ཟླ་1ཚེས་6ཉིན་ནས་ཚེས་9ཉིན་བར་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཚོགས་འདུར་ཕེབས་ནས་ཨུ་ཡོན་དང་མཉམ་དུ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་གནང་བ་རེད། བློ་མཐུན་ཝང་ཅུན་ཀྲེང་ཚོགས་ཆུང་མཉམ་འབྲེལ་གྱི་གྲོས་བསྡུར་ནང་ཞུགས་པ་མ་ཟད། མཇུག་འགྲིལ་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་སྟེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བོད་ལྗོངས་སྲིད་གྲོས་ཀྱིས་ལྟེ་བར་དམིགས་ཏེ་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ་དང་། རང་འགན་གཙང་སྒྲུབ་བྱས་ཏེ་ནུས་པ་འདོན་སྤེལ་བྱེད་པའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ལྷ་སར་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་རང་སྐྱོང་ལྗོངས་སྲིད་གྲོས་ལས་ཁུངས་ཀྱི་འཐུས་མིར་འཚམས་འདྲི་གནང་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་པ། ཐེངས་ལྔ་པ་བཅས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཐོག འགན་ནུས་གཙང་སྒྲུབ་ནན་ཏན་དང་། གྲོས་མོལ་སྲིད་གླེང་གཏིང་ཟབ། རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་བཅས་བྱས་པར་བརྟེན་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཚོགས་འདུའི་ཐོག་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་སྒྲོན་དང་། ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་ཡོད། ཨུ་ཡོན་རྣམས་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པར་ཟུར་ཞུགས་གནང་ནས་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་གནང་བ་མ་ཟད། སྙན་སྒྲོན་གཞན་དག་གསན་པ་དང་གྲོས་བསྡུར་གནང་བ་དང་། མོས་མཐུན་བྱས་ཏེ་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་ཡོད། འདི་ནི་དམངས་གཙོ་ཞི་མཐུན་དང་། མཐུན་སྒྲིལ་འབད་འབུངས། དོན་གཉེར་ཕྱོད་ཆེ་བཅས་ཀྱི་ཚོགས་འདུ་ཞིག་དང་། དར་ཆ་མཐོན་པོར་སྒྲེང་བ་དང་སེམས་ནུས་གཅིག་ཏུ་སྒྲིལ་བའི་ཚོགས་ཆེན་ཞིག་ཡིན་ལ། གསར་སྤེལ་མདུན་སྐྱོད་དང་བརྩོན་སེམས་ངར་སྐུལ་བྱེད་པའི་ཚོགས་ཆེན་ཞིག་ཀྱང་རེད།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ཁྲོད་བོད་ཀྱི་འཐབ་ཇུས་ངེས་གནས་སྟངས་འཛིན་ནན་པོ་བྱས་པ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འཛུགས་གཏོད་བཞིར”སྐུལ་འདེད་བཏང་ནས་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་ཁ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་ལ། ལྗོངས་ཡོངས་སུ་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་པས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཐོག “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ནུས་ཤུགས་བསྒྲིལ་ནས་སྔ་ཙམ་ཇུས་འགོད་དང་། གཙོ་གནད་དམ་འཛིན། ལས་སྟེགས་གསར་གཏོད། ལམ་སྲོལ་གསར་འཛུགས་བཅས་བྱས་པ་མ་ཟད། སྣེ་ཁྲིད་ལ་ཤུགས་སྣོན་དང་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ནས“བླང་བྱ་ལྔ”ཕྱོགས་ཡོངས་ནས་དོན་འཁྱོལ་དང“མཐོར་འདེགས་གསར་པ་ལྔ”མངོན་འགྱུར་གང་ཐུབ་བྱས་ཏེ། ཁུར་ལེན་གསར་པ་དང་། བྱས་རྗེས་གསར་པ། རྣམ་པ་གསར་པ་བཅས་མངོན་པར་བྱས་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་དང་། “ཟུང་འབྲེལ་གཉིས”ཀྱི་གྲུབ་འབྲས་གསར་ཤོས། ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་བསམ་བློ་བཅས་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྲིད་གྲོས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩིས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་སྲིད་གྲོས་ཀྱི་ཐོས་བསམ་མྱོང་རྟོགས་ཀྱི་ལས་སྟེགས་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས“རིགས་པའི་གཞུང་ལུགས་སློབ་སྦྱོང”བྱེད་པ་དང་སྦྲགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་མ་ཟད། ནང་སེམས་ལ་གཏིང་ཟབ་འཇགས་པ་དང་གཞན་སྒྱུར་བྱེད་པའི་ཐད་ལའང་ཤུགས་བརྒྱབ་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། “འཕེལ་རྒྱས”ཀྱི་དོན་ཆེན་ལ་ཆེད་དོན་ཞིབ་འཇུག་བྱས་པ། 《འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། ཁྱབ་ཁོངས་ཁག་གི་དམིགས་ཚད་ལས་འགན་དང་ལས་ཀའི་བྱ་ཐབས་ཁག་ཚ་ཚང་བར་བཏོན་པས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཐོག སྲོག་ཤིང་གི་སྟོབས་ཤུགས་དང་། འགྲོ་ལམ་གྱི་གལ་ཆེན། བདེན་དོན་གྱི་རླབས་ཆེན་བཅས་ལ་གོ་བ་གཏིང་ཟབ་བླངས་པ་མ་ཟད། དེའི་ནང་འདུས་པའི་འགོ་ཁྲིད་བྱེད་ཐབས་དང་། བསམ་བློ་གཏོང་སྟངས། ལས་ཀ་བྱེད་ཐབས་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་ལ་རྒྱུན་ཆད་མེད་པར་ངོས་འཛིན་གཏིང་ཟབ་བྱས་ཐོག 2024ལོའི་ལས་ཀའི་སྤྱིའི་བླང་བྱ་དང་། སྔོན་དཔག་གི་དམིགས་ཚད་གཙོ་བོ། གཙོ་གནད་ལས་འགན་བཅས་ཁ་གསལ་བཏོན་པ་དེས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་དོན་འཁྱོལ་དམ་འཛིན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གང་མགྱོགས་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྔ་པ། དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་པ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ལ་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་སྒྲུབ་པའི་འཇུག་སྒོ་དང་ཤུགས་རྒྱག་ས་བཙལ་འཚོལ་གནད་འཁེལ་དང་། བརྟག་ཞིབ་གཏིང་ཟབ། དམ་པ་དོན་གཉེར་གྱིས་གྲོས་མོལ་སྲིད་གླེང་། ཐབས་འདོན་ཇུས་འབུལ་གནད་སྨིན། རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ཐོག་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་ཞབས་ཞུ་ནན་ཏན་དང་གང་ལེགས་སྒྲུབ་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་དེ། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཞུགས་མཁན་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། ཐེངས་བཞི་པ། ཐེངས་ལྔ་པ་བཅས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱ་རྒྱུ་མ་ཟད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་གཏོང་བའི་སྲོག་ཤིང་དུ་འཛིན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བྱེད་པ། བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་ཡོང་བ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བྱེད་པ་བཅས་ཀྱི་ཐོག་ནས། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་གཞི་ཆེན་པོ་གཉིས་མཐའ་འཁྱོངས་དང་། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་གཅིག་གྱུར་ནུས་ལྡན་ཡོང་བ་མཐའ་འཁྱོངས། སྲིད་འདོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱེད་པའི་ཕྱོགས་གཉིས་ཀ་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞི”ལ་ནུས་ཤུགས་བསྒྲིལ་རྒྱུ་མ་ཟད། ཕུགས་ཡུན་གྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ། མི་དམངས་སྲིད་གྲོས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཀྱི་ནུས་པ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག གྲོས་མོལ་མཉམ་འགུལ་གཏིང་ཟབ་བྱེད་པ་དང་། བསམ་འཆར་གང་ལེགས་མངོན་པ། རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་བཅས་བྱེད་པའི་ཆུ་ཚད་མཐོ་རུ་བཏང་སྟེ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

    ཚོགས་འདུའི་ཐོག་འབོད་སྐུལ་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག དཔའ་ངར་ཆེན་པོས་མདུན་སྐྱོད་དང་། མཐུན་སྒྲིལ་འབད་འཐབ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།