དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བ།

    ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་གསུང་བཤད་གནང་བ། བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་སོགས་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-10

    ཟླ་1ཚེས་9ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་རྒྱལ་ཁའི་ངང་གྲོལ་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་གསུང་བཤད་གནང་བ།

    ཟླ་1ཚེས་9ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་རྒྱལ་ཁའི་ངང་གྲོལ་ཞིང་། འདི་ནི་ཚོགས་ར་ཡིན་པ།

    དུས་ཡུན་ཉིན་4ཡིན་པའི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཟླ་1ཚེས་9ཉིན་གྱི་ཕྱི་དྲོ་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ་དང་གསུང་བཤད་གནང་བ་རེད། བློ་བཟང་རྒྱལ་མཚན་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལེགས་མཆོག་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཚོགས་འདུའི་རིང་ཨུ་ཡོན་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ། འགན་འཁྲི་ནན་ཏན་འཁུར་བ་བཅས་ཀྱི་ལས་ཀའི་རྣམ་འགྱུར་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བཅས་གནང་བ་ལས། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་དམིགས་བསལ་ལེགས་ཆ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་སྐྱེ་སྟོབས་དང་གསོན་ཤུགས་གང་ལེགས་མངོན་ཡོད་ལ། སྲིད་གྲོས་ཨུ་ཡོན་གྱི་བླ་ན་མེད་པའི་འགན་འཁྲི་འཁུར་བའི་བརྩེ་སེམས་དང་། བསམ་པའི་ཉམས་འགྱུར་བཟང་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ཀྱང་གང་ལེགས་མངོན་ཡོད། ཚོགས་འདུར་ཐོག་མཐའ་བར་གསུམ་དུ་དམངས་གཙོ་འཆམ་མཐུན་དང་། མཐུན་སྒྲིལ་ཡར་བརྩོན། དམ་པ་དོན་གཉེར་བཅས་ཀྱི་རྣམ་པ་ཟབ་མོ་མངོན་ནས། དར་ཆ་མཐོན་པོར་སྒྲེང་བ་དང་། ནུས་སེམས་གཅིག་སྒྲིལ། གསར་འབྱེད་ཡར་བརྩོན། ངར་ཤུགས་འཕེལ་བ། བློ་བསྡུས་དགེ་འཚོལ། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ། དམངས་གཙོའི་ཇུས་ཐག་གཅོད་པ་བཅས་ཀྱི་ཚོགས་ཆེན་ཞིག་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་དེ་བས་ཆེ་བ་གཅིག་སྡུད་ཐུབ་ངེས་རེད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། 2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་ལས་འགན་དང་བླང་བྱར་སྟངས་འཛིན་ནན་པོ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོར་གཡོ་འགུལ་མི་གཏོང་བ། སྐུལ་སློང་བྱེད་ཐུབ་པའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཆབ་སྲིད་ཀྱི་རྩ་དོན་བརྟན་སྲུང་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲོག་ཤིང་གི་སྟོབས་ཤུགས་དང་། འགྲོ་ལམ་གྱི་སྟོབས་ཤུགས། བདེན་དོན་གྱི་སྟོབས་ཤུགས་བཅས་གཏིང་ཟབ་རྟོགས་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། གཞི་རིམ་དུ་རྩ་བ་ཚུགས་པ་དང་མང་ཚོགས་ཁྲོད་བསྐྱོད་པའི་ལེགས་ཆ་འདོན་སྤེལ་དང་། མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་དང་གོ་ཐུབ་པའི་སྐད་ཆ་སྤྱོད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ཚོར་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་རང་འགན་གཙང་སྒྲུབ་མཐའ་འཁྱོངས་བྱས་ནས་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་ཡིན་པའི་མཐུན་སྒྲིལ་དང་དམངས་གཙོར་སྟངས་འཛིན་ནན་པོ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་དང་གཙོ་གནད་ལས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་དམིགས་པ། དམངས་ཀྱི་འདོད་བློ་ཁོང་དུ་ཡང་དག་ཆུད་པ་དང་རྒྱ་ཁྱབ་ངང་དམངས་ཀྱི་བློ་གྲོས་གཅིག་སྡུད། ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་གྱི་བྱང་ཚད་མཐོར་གཏོང་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་བཅས་བྱས་ནས། མི་དམངས་སྲིད་གྲོས་ཀྱི་ཇུས་ཤུགས་མཉམ་འདོན་གྱི་ལེགས་ཆ་དང་འགན་ནུས་འདོན་སྤེལ་ཧུར་ཐག་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་མཐའ་འཁྱོངས་བྱས་ཏེ། སྲིད་གྲོས་ལས་དོན་ལྗོངས་ཡོངས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་ཞིབ་འཇུག་སྐུལ་འདེད་གཏོང་བ་དང་། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དོན་འཁྱོལ་ལ་དམ་འཛིན་བྱེད་པར་དྲང་གཏམ་ཤོད་པ་དང་། ཇུས་བཟང་འདོན་པ། བྱ་ཐབས་དངོས་འདོན་པ། ཕན་འབྲས་དོན་གཉེར་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། མི་དམངས་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་དང་ལྟ་ཞིབ་བྱེད་པ། ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཁེ་ཕན་གྱི་གནད་དོན་ལ་དམིགས་པ་བཅས་བྱས་ནས། དམངས་འཚོར་ཕན་པ་དང་། དམངས་སེམས་དྲོ་བ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་ལས་དོན་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་ལ་བབ་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ་སྲིད་གྲོས་ལ་འདྲི་གཞི་དང་བླང་བྱ་མང་ཙམ་འདོན་པ་དང་སྲིད་གྲོས་ཀྱི་དཀའ་གནད་སེལ་བ་དང་བྱ་བ་དངོས་མང་ཙམ་བསྒྲུབས་ནས། སྲིད་གྲོས་ཀྱིས་སྒྲིག་ཡིག་ལྟར་རང་ཚུགས་ངང་འགན་འཁུར་ནས་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་འཆང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འགན་འཁྲི་བསྒྲུབས་པའི་འཇོན་ཐང་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    ཀརྨ་ཚེ་བརྟན་གྱིས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་དང་། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། རྡོ་རྗེ་ཚེ་སྒྲུབ། ངག་དབང་། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཝང་ཀང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་བོད་སྡོད་དཔུང་སྡེ་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་ཚོགས་འདུར་ཞུགས་ནས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

    ཚོགས་ཆེན་ཐོག་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་དང་། སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད། སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྒྱལ་ཁའི་ངང་གྲོལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།