དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ནན་བཤད་གནང་དོན།

    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་བཏོན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གདོང་དམག་མུ་མཐུད་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-09

    ཟླ་1ཚེས་7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ།

     ཚེས་7ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་ལྷ་སའི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཁོང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། ལྟེ་བའི་གྲོང་ཁྱེར་གྱི་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་འདོན་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གདོང་དམག་མུ་མཐུད་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བློ་མཐུན་ཡན་ཅིན་ཧའེ་ཡིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དངོས་ཐོག་བདེན་འཚོལ་དང་། ལས་དོན་བཀོད་སྒྲིག་བྱ་ཐབས་ཏན་ཏིག་ཡོད་པས་དེ་ནི་དར་ཆ་མཐོན་པོར་སྒྲེང་བ་དང་མི་རྣམས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་པའི་སྙན་སྒྲོན་ཡག་པོ་ཞིག་རེད། ང་སྙན་སྒྲོན་དེར་རྦད་དེ་མོས་མཐུན་ཡོད།

    ཝང་ཅུན་ཀྲེང་གིས་གསུངས་དོན། བོད་ཀྱི་ལྟེ་བའི་གྲོང་ཁྱེར་དང་ལྗོངས་ཡོངས་ཀྱི་ལྟེ་གནས་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་དམིགས་བསལ་གྱི་གནས་བབ་བཟུང་བ་དང་ནུས་པ་གལ་ཆེན་འདོན་གྱི་ཡོད། ལོ་གཅིག་རིང་གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འཐབ་ཧུར་ཐག་བྱས་པ་བརྒྱུད་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད། ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ངེས་གནས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ་བཅས་བྱས་ཏེ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ་དེ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་མངོན་པར་བྱེད་པ་དང་། རང་འགན་གཙང་སྒྲུབ་དང་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་ཐོག་མངོན་པར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་གཙོ་བོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། “གཞི་རིམ་དུ་སྐྱོད་པ་བཞིའི”ལས་དོན་སྒྲུབ་སྟངས་ཡག་པོ་སྤྱོད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་རང་འགུལ་བྱ་སྤྱོད་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོར་འགྱུར་བ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་གདོང་དམག་ཡག་པོ་ཞིག་བྱེད་དགོས་པ་དང་། རང་འགུལ་ངང་ལྷ་སའི་ལས་དོན་དེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིགས་དང་ཞིབ་འཇུག་དང་། འཆར་འགོད་དང་སྐུལ་འདེད། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་འཚམ་པའི་ལམ་སྲོལ་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ཏེ་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་ཐད་སྔོན་ལ་ཚད་བརྒལ་ཡོང་བར་བྱེད་དགོས། རྒྱུན་དུ་ཉེན་བརྡ་གཏོང་རྒྱུ་དང་རྒྱུན་དུ་དོགས་ཟོན་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་གཏིང་ཟབ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་དུས་བབ་མུ་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ཚད་བརྒལ་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཚོང་འགུགས་མ་འདྲེན་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་བདེ་སྡོད་ལས་བརྩོན་དང་བདེ་ཉེན་བདེ་སྡུག་སེམས་ནང་འཇོག་པ། མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ལ་བློ་རྩེ་གཅིག་སྒྲིམ་དང་། བརྩེ་སེམས་ཟབ་མོ། ནུས་ཤུགས་ཡོད་རྒུ་བཅས་ཀྱི་སྒོ་ནས་དམ་འཛིན་ཡག་པོ་བྱེད་པ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དམངས་འཚོའི་མཐའ་ཚད་བརྟན་སྲུང་བྱེད་པ། འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་བ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་གང་ཐུབ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་བསམ་འདུན་རྒྱུན་ཆད་མེད་པར་སྒྲུབ་དགོས། མང་ཚོགས་ཀྱི་དགོས་མཁོ་ཨང་དང་པོར་བཞག་སྟེ་ཁྱད་ཆོས་མངོན་གསལ་དོད་པ་དང་། རིག་གནས་མངོན་གསལ་ཆེ་བ། ཚད་བརྒལ་ས་གནད་འཁེལ་འདེམས་པ་བཅས་ཀྱི་ཐོག་ནས་རིག་གནས་རྒྱུན་འཛིན་དང་གནའ་གྲོང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ཤིང་། གྲོང་ཁྱེར་རྙིང་པ་སྒྱུར་བཀོད་རིམ་སྤོར་གྱིས་ལྷ་ས་འདི་ཉིད་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཀྱི་ཁྱད་ལྡན་རིག་གནས་གྲགས་ཅན་གྲོང་ཁྱེར་དུ་ཧུར་ཐག་བསྐྲུན་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་དོན་དང་འཚོ་བའི་ཆ་རྐྱེན་ཟམ་མི་ཆད་པར་ལེགས་སུ་བཏང་ནས། རྒྱ་ཆེའི་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུ་ཡོང་བར་བྱེད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་ངང་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་ལག་ལེན་བསྟར་བ་དང་། རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ཡུལ་བབ་དང་བསྟུན་ནས་ཤིང་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་སྔོ་འགྱུར་དེ་སྡོང་ཕྲུག་ལེགས་འདེམས་དང་། བདག་སྐྱོང་། གཡོག་བྱེད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། སྔོ་འགྱུར་གྱི་གཞི་ཁྱོན་ཆེ་རུ་ཤུགས་ཆེན་གཏོང་བ། སྔོ་འགྱུར་གྱི་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས།

    སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པ་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རང་འཁྲིའི་ལས་གནས་ལ་ངེས་པར་དུ་མཁོ་བའི་ཆེད་ལས་ཀྱི་ཤེས་བྱ་སྣ་ཚོགས་ནན་ཏན་གྱིས་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ། ལས་རིགས་འདི་ག་དང་ཁྱབ་ཁོངས་འདི་གའི་བྱང་གོམས་ཅན་དུ་ཧུར་ཐག་འགྱུར་བར་བྱེད་པ་བཅས་ཀྱི་ཐོག་ནས་ལས་བྱེད་པའི་དཔུང་ཁག་གསར་བརྗེ་ཅན་དང་། ན་གཞོན་ཅན། ཤེས་ལྡན་ཅན། ཆེད་ལས་ཅན་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འདུ་ཤེས་གསར་བརྗེ་ཟམ་མི་ཆད་པར་བྱེད་པ་དང་། འདུ་ཤེས་གསར་སྒྱུར་ལ་སྐུལ་འདེད་གཏོང་བ། ལས་ཀའི་བསམ་ཕྱོགས་རྒྱ་སྐྱེད་གཏོང་བ། ལས་ཀའི་བྱེད་སྟངས་གསར་གཏོད་བྱེད་པ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ལ་འབད་བརྩོན་བྱེད་པ། “དོན་ཆེན་བཞི”དོན་ཐོག་ཏུ་འཁྱོལ་བར་བརྒྱུད་རིམ་ལྡན་པའི་འཆར་འགོད་དང་སྤྱི་འདོམས་སྐུལ་གཏོང་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཟམ་མི་ཆད་པར་འཕེལ་རྒྱས་གསར་པ་ཡོང་བའི་འགན་ལེན་བྱེད་དགོས།

    གྲོས་ཞིབ་གནང་རིང་ཤའོ་ཡིའུ་ཚའེ་དང་། ཕུར་སྒྲོན། ཐང་ཀོན་ཀྲུང་། ཉེ་ཞུའེ་ཀྲེ། བློ་བཟང་སྒྲོལ་དཀར། ཝང་ཆང་། ཧོ་ཕུང་། ཉི་མ་སོགས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད།

    ཟླ་བ་ཚེ་རིང་དང་། རྒྱལ་མཚན། ལུའོ་མེ་བཅས་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།