ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལ་ཞུགས་པ།
ཟླ་1ཚེས་6ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་རིགས་ཁོངས་དང་། རིག་གནས་དང་སྒྱུ་རྩལ། གསར་འགྱུར་དཔེ་སྐྲུན། སྤྱི་ཚོགས་ཚན་རིག་བཅས་རིགས་ཁོངས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལ་ཞུགས་པ།
ལེགས་ཆ་འདོན་སྤེལ་གང་ལེགས་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་དགོས།
ཟླ་1ཚེས་6ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པའི་གྲངས་ཉུང་མི་རིགས་རིགས་ཁོངས་དང་། རིག་གནས་དང་སྒྱུ་རྩལ། གསར་འགྱུར་དཔེ་སྐྲུན། སྤྱི་ཚོགས་ཚན་རིག་བཅས་རིགས་ཁོངས་ཀྱི་མཉམ་འབྲེལ་ཚོགས་ཆུང་གི་གྲོས་བསྡུར་ལ་ཞུགས་ཤིང་། ཁོང་གིས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་རང་འགུལ་ངང་རང་འགན་གཙང་སྒྲུབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་དེ་བས་མང་བ་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཨུ་ཡོན་ཚེ་རིང་དབྱངས་ཅན་དང་། ཁྲེན་རེན་ཅེ། སྐལ་བཟང་གཡང་ལགས། ཉི་མ་ཚེ་རིང་། བསོད་ནམས་དར་རྒྱས། ཚེ་གཡང་། ལིན་ཡུང་སོགས་ཀྱིས་རང་འཁྲིའི་ལས་ཀར་གཞི་ཚུགས་པ་དང་གཞི་རིམ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་ཧུར་ཐག་སྤེལ་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། 2024ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགག་སྒྲོལ་ལོ་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ནས་འགན་སྒྲུབ་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་དགོས་མཁོ་ཆེ་སར་ཐབས་འདོན་ཇུས་འབུལ་དང་། སྲིད་གླེང་གནད་ལ་འཁེལ་བ། འགག་རྩར་ལྟ་སྐུལ་བཅས་ཧུར་ཐག་བྱེད་དགོས།
“དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་ཐབས་ཤེས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དུ་དྲིལ་བསྒྲགས་དང་མང་ཚོགས་ཁྲོད་དྲིལ་བསྒྲགས་བྱེད་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་དགོས། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག་བྱེད་པ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་སྤེལ་བ།“འདུ་ཤེས་གསུམ”གྱི་སློབ་གསོ་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་ཁྲིད་སྟོན་བྱེད་དགོས།
ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་དུ་རྩ་བ་ཚུགས་པ་དང་མང་ཚོགས་ཁྲོད་དུ་སྐྱོད་པའི་ལེགས་ཆ་འདོན་པ་དང་ལས་ཀའི་ཁྲོད་ཀྱི་ཆད་སྐྱོན་དང་ཞན་ཆ་གང་ལེགས་མངོན་པར་བྱས་ནས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པར་ཐབས་ཇུས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་དགོས།
རིག་གནས་སྟོབས་ཆེན་ཁུལ་འཛུགས་སྐྱོང་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་དགོས། “དོན་ཆེན་བཞི”དོན་འཁྱོལ་ལ་སྐུལ་འདེད་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་རིག་གནས་དང་དྲིལ་བསྒྲགས་སོགས“འཇམ་ཤུགས”ཀྱི་འདེགས་སྐྱོར་ནུས་ལྡན་དང་ཁ་འབྲལ་ཐབས་མེད། བོད་ཀྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་རང་འགུལ་ངང་དུས་རབས་གསར་པ་ཟིན་ཐོར་འགོད་པ་དང་། དུས་རབས་གསར་པ་རྩོམ་པ། དུས་རབས་གསར་པར་བསྟོད་གླུ་འབུལ་བ་བཅས་ཀྱི་འགན་འཁྲི་འཁུར་བ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་མི་དམངས་ཀྱི་སྐོར་འབྲི་བ་དང་། མི་དམངས་མཚོན་པ། མི་དམངས་ལ་བསྟོད་གླུ་འབུལ་བ། བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་དང་མི་སེར་གྱིས་དགའ་པོ་བྱེད་པ། འབོད་ན་སྐད་ཤུགས་ཆེ་བ་དང་། བཏང་ན་སྐད་གསང་མཐོ་བ། ཉར་ན་གནས་ཐུབ་པ་བཅས་ཀྱི་རིག་རྩལ་བརྩམས་ཆོས་ཁག་གཅིག་གསར་རྩོམ་བྱས་ནས་དུས་བསྟུན་མདུན་སྐྱོད་ཀྱིས་བོད་ཀྱི་ཕུལ་བྱུང་རིག་གནས་བརྒྱུད་སྤེལ་བྱེད་དགོས།
བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་གི་གནད་དོན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱེད་དགོས། ཤེས་ལྡན་པ་མང་བ་དང་རིག་སྟོབས་གཅིག་འདུས་ཆེ་བའི་སྲིད་གྲོས་ཀྱི་ལེགས་ཆ་བཏོན་ཏེ། གྲོས་མོལ་དམངས་གཙོ་དེ་དམངས་སེམས་གཅིག་སྒྲིལ་དང་། དམངས་བློ་གཅིག་སྡུད། དམངས་ནུས་གཅིག་སྡུད་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་ཨུད་དང་སྲིད་གཞུང་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་བྱེད་པ། ཤེས་ལྡན་པ་གཅིག་སྡུད་དང་ཁོ་ཚོའི་བློ་འགུགས་ཐབས་བྱེད་པ་སོགས་ཀྱི་ལས་ཀ་ལེགས་པར་བསྒྲུབས་ནས། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གཅིག་སྒྲིལ་ཏན་ཏིག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ལས་དོན་སྒྲུབ་སྟངས་གསར་གཏོད་དང་། མང་ཚོགས་ཀྱི་བསམ་འདུན་དང་རེ་འདོད་གང་མང་ཉན་པ། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་ཞིབ་འཇུག་དང་། བསམ་གཞིག དབྱེ་ཞིབ་བཅས་མང་ཙམ་བྱེད་པ། མང་ཚོགས་ཀྱི་བསམ་འཆར་དང་དགོས་མཁོ་འཚོལ་བསྡུ་དང་གོང་ཞུ་བཅས་བྱས་ཏེ། ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་མི་དམངས་མང་ཚོགས་ཀྱི་འདོད་བློ་དང་སྔར་བས་མཐུན་གང་ཐུབ་བྱེད་དགོས།