རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ།
ཝང་ཅུན་ཀྲེང་དང་། ཁྲེན་ཡུང་ཆི། ལིའུ་ཅང་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་དང་། བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་གཙོ་སྐྱོང་གནང་བ། ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།
ཚེས་7ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་7ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཚོགས་འདུའི་གྲོས་རིམ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།
ཚེས་7ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་དང་ཐུགས་རེ་ཟབ་མོ་བསྣམས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྤྲོ་སེམས་དང་སྤོབས་སེམས་ཀྱིས་ཁེངས་བཞིན་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོར་ཕེབས་ནས། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་འགོ་ཚུགས་པ་རེད།
ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། བསྟན་ཁོ། རྒྱལ་མཚན། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཝང་ཅུན། ཀྲང་ཡན་ཆིང་། ཞུས་ཁྲེང་ཚང་། འཇམ་དཔལ། ཐང་མིང་དབྱིང་། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་། ལིའུ་ཀོང་ཤུས་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ལེགས་མཆོག་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་རེད།
ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་435ཡོད་པ་དང་དངོས་སུ་ཞུགས་མཁན་འཐུས་མི་400ཡོད་པས་ཚོགས་ཞུགས་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡོལ་ཙམ་ལ་བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་། འཐུས་མི་ཚང་མ་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཁག་གཉིས་ལ་དབྱེ་ནས། 2023ལོའི་ལས་དོན་ལ་ཕྱིར་མིག་བལྟས་པ་དང་2024ལོའི་ལས་དོན་བཀོད་སྒྲིག་བྱས་ཡོད།
2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ཀྱི་ལོ་ཞིག་རེད་ལ། སྐབས་འདིའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི་བསྒྲུབས་པའི་ལོ་དང་པོའང་རེད། ཡན་ཅིན་ཧའེ་ཡིས་སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཞི་མཐུན་དང་། དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ལེགས་པ། འཕེལ་རྒྱས་ཀྱི་སྒུལ་ནུས་བརྟན་ལ་ཆེ་བ། ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་དེ་བས་མཐུན་སྦྱོར། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་པ། དམངས་འཚོའི་བདེ་རྩར་འགན་ལེན་ནུས་ལྡན། སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་བརྟན་པ། མཐའ་དར་དམངས་ཕྱུག་གི་གྲུབ་འབྲས་བཟང་བ་སོགས་ཀྱི་ཐད་ནས་ན་ནིང་གི་སྲིད་གཞུང་གི་ལས་དོན་ལ་ཕྱོགས་སྡོམ་གནང་བ་རེད། ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང“2023ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམ་པོར་བརྟེན་པ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་གསར་པ་སྤོས་ཡོད། ལོ་གཅིག་རིང་། ང་ཚོས་བོད་ལྗོངས་འགྲེམས་ཚོགས་སྐབས་ལྔ་པ་དང་། “ཧི་མ་ལ་ཡའི་མཐའ་འཁོར”གྱི་གླེང་སྟེགས་སྐབས་གསུམ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་བོད་ཀྱི་གླེང་སྟེགས་སྐབས་དང་པོ། གནམ་ལྕགས་འབར་བའི་གླེང་སྟེགས་སྐབས་དང་པོ་བཅས་གྲུབ་འབྲས་ལྡན་པའི་ངང་གཉེར་བ་མ་ཟད། 《དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་དང་དེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས》ཀྱི་རྒྱབ་ཤ་དཀར་པོའི་དེབ་མཉམ་དུ་ཁྱབ་བསྒྲགས་བྱས་ནས་འཛམ་གླིང་ལ་ཉིན་བཞིན་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མངོན་པར་བྱས་ཡོད། ལོ་གཅིག་རིང་། ང་ཚོས་རྒྱལ་སྲུང་འཛུགས་སྐྲུན་དང་དཔལ་འབྱོར་འཛུགས་སྐྲུན་མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ནས་རྒྱལ་སྲུང་སྐུལ་སློང་དང་། གཉིས་བཀུར་མཉམ་སྐྲུན། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུར་འགན་ལེན་བཅས་ལ་དམ་འཛིན་ནན་པོ་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། ལོ་གཅིག་རིང་། ང་ཚོས་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བ་དང་བརྟག་ཞིབ་བྱེད་སྲོལ་རབ་ཏུ་དར་བར་བྱས་ནས་གནད་དོན་དངོས་ཁག་6100ལྷག་ཙམ་ཐག་གཅོད་བྱས་ཡོད། ལོ་གཅིག་རིང་། ང་ཚོས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་ལ་དམིགས་པ་དང་། འགག་སྒྲོལ་དཀའ་སེལ་དང་། གནད་འཁེལ་སྒྲུབ་པ། རྒྱུན་མཐུད་གནོན་ཤུགས་ཁྲོད་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་སླར་གསོའི་ལམ་བུར་སྐྱོད་པ་བཅས་བྱས་ནས་ཕུགས་དང་འབྲེལ་བའི་འཇུར་མིག་གི་དཀའ་གནད་ཁག་གཅིག་བསལ་བ་དང་། མཐོང་ཐུབ་པ་དང་ཚོར་ཐུབ་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་གཅིག་བསྒྲུབས་ཡོད། གྲུབ་འབྲས་འདི་འདྲ་ཐོབ་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་དམིགས་བསལ་ཐུགས་ཁུར་གནང་བའི་འབྲས་བུ་ཞིག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་བྱུང་བའི་འབྲས་བུ་ཞིག་རེད་ལ། ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འབད་འབུངས་ཡར་བརྩོན་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་ཀྱང་རེད།
ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་བསྟན་དོན། འདི་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་གྱི་ལོ་ཞིག་ཀྱང་རེད། འདི་ལོའི་སྲིད་གཞུང་གི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་བཀོད་སྒྲིག་ལ་གཞིགས་པ། ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། ནང་མཁོ་རྒྱ་ཆེར་གཏོང་བ་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྤྱི་འདོམས། གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྤྱི་འདོམས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས། སྤྱི་ཚོགས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་མགྱོགས་སུ་གཏོང་རྒྱུ་དེ་རེད།
ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་བསྟན་དོན། འདི་ལོའི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཡས་མས་འཕར་བ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་13%ཡས་མས་འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་10%ཡས་མས་འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡོང་བ་རྒྱུན་འཁྱོངས། གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་3%དང་5%ནང་ཚུན་དུ་སོ་སོར་ཚོད་འཛིན་བྱ་རྒྱུ་བཅས་རེད།
ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་བསྟན་དོན། ད་ཆ་བོད་འདི་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པའི་འཐབ་ཇུས་ཀྱི་གོ་སྐབས་དུས་སུ་གནས་བཞིན་ཡོད་པ་དང་། ཆབ་སྲིད་ཀྱི་ལེགས་ཆ་དང་། སྲིད་ཇུས་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ། མི་འབོར་གྱི་ལེགས་ཆ། རྗེས་ཐོན་གྱི་ལེགས་ཆ་སོགས་མཉམ་དུ་འདོན་སྤེལ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འབད་འཐབ་དངོས་སྒྲུབ་བྱེད་པའི་སྙིང་སྟོབས་མུ་མཐུད་འཕེལ་བ། འཕེལ་རྒྱས་ཀྱི་ཆ་རྐྱེན་དེ་བས་ཕན་པ་ལྡན་པ་དང་མདུན་ལམ་དེ་བས་ཡངས་པ་བཅས་ཡོད། ང་ཚོས་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཏུ་བརྩིས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། “དམ་འཛིན་བྱ་གཞི་བརྒྱད”ཡག་པོ་སྤྱོད་པ། སྔོན་ལ་བྱ་སྤྱོད་ཡག་པོ་སྤེལ་བ་དང་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ། མིག་སྔ་དང་ཕུགས་ལ་སྤྱི་འདོམས་བཅས་བྱས་ནས། བཀོད་སྒྲིག་གལ་ཆེན་དང་ལས་སྟེགས་གལ་ཆེན་ཚད་བརྒལ་ངང་ཇུས་འགོད་དང་། འཇུར་མིག་གི་ཚོད་འཛིན་ལ་དམིགས་ཏེ་སྲིད་ཇུས་གལ་ཆེན་དང་སྒྱུར་བཅོས་གལ་ཆེན་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། འཐབ་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ནས་ལས་གྲྭ་གལ་ཆེན་དང་རྣམ་གྲངས་གལ་ཆེན་ལག་བསྟར་གང་མགྱོགས་བཅས་བྱེད་དགོས།
འདི་ལོའི་སྲིད་གཞུང་གི་ལས་དོན་ལ་བཏོན་པའི་གྲོས་འགོའི་ནང་། ཡན་ཅིན་ཧའེ་ཡིས་གཙོ་གནད་ཁག་གཅིག་བཏོན་གནང་བ་སྟེ། གཅིག་ནས་མི་སེམས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། གཉིས་ནས་མ་འཇོག་བརྟན་པོ་དང་འཛད་སྤྱོད་རྒྱ་ཆེར་གཏོང་བ་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ། གསུམ་ནས་ཁེ་ལས་སྐྱེད་སྲིང་དང་ཐོན་ལས་སྟོབས་ཆེར་གཏོང་བ་མཐའ་འཁྱོངས་བྱས་ནས་མི་མངོན་པའི་སྟོབས་ཤུགས་ཀྱི་ལེགས་ཆ་སྔོག་འདོན་གཏིང་ཟབ་བྱེད་དགོས་པ། བཞི་ནས་གྲོང་ཁྱེར་དང་གྲོང་རྡལ་དར་རྒྱས་བཏང་ནས་གྲོང་གསེབ་ལ་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ་མཐུན་སྦྱོར་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས་པ། ལྔ་ནས་ཕྱི་རོལ་གྱི་སྟོབས་ཤུགས་ལ་བརྟེན་ནས་ནང་སྐྱེས་སྟོབས་ཤུགས་ཆེ་རུ་གཏོང་བ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། དྲུག་ནས་བྱ་བ་དངོས་སྒྲུབ་པ་དང་དམངས་འཚོར་ཕན་འདོགས་པ་མཐའ་འཁྱོངས་བྱས་ནས་མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས་པ། བདུན་ནས་སྐྱེ་ཁམས་ལ་སྲུང་སྐྱོང་དང་མཐའ་མཚམས་བརྟན་དུ་གཏོང་བ་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་སྲུང་བཅད་ཏན་ཏིག་སྐྲུན་དགོས་པ་བཅས་རེད།
ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་སྒྲོན་དང་། བོད་རང་སྐྱོང་ལྗོངས་ཀྱི་2023ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་བཀྲམ་ནས་ཞིབ་བཤེར་ཆོག་མཆན་གནང་རྒྱུར་ཕུལ་བ་རེད།