དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གཉིས་པས་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་བྱས་པ།

    ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་སོགས་ཀྱིས་སྲིད་གྲོས་ཨུ་ཡོན་ལ་གཟིགས་པ་དང་གྲོས་བསྡུར་ལ་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-07

    ཚེས་6ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པར་ཞུགས་མཁན་ཨུ་ཡོན་ཚོས《སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》དང《སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》ལ་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་བསྡུར་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཅུན་ཀྲེང་དང་། ཡན་ཅིན་ཧའེ། ཁྲེན་ཡུང་ཆི། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་རིགས་ཁོངས་ཁག་གི་ཚོགས་ཆུང་ལ་ཕེབས་ནས། སྲིད་གྲོས་ཨུ་ཡོན་ཚོར་གཟིགས་པ་དང་གྲོས་བསྡུར་ལ་ཞུགས་པ་རེད།

    ཚོགས་རའི་རྣམ་པ་དྲོ་སྐྱིད་ལྡན་ལ་ཧ་ཅང་འཁྲུག་ཆ་དོད་ཅིང་། ཨུ་ཡོན་ཚོས་གྲུབ་འབྲས་དང་འཕེལ་རྒྱས་གླེང་བ་དང་འབྱུང་འགྱུར་འཆར་འགོད་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་ནན་ཏན་དང་། སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལོ་གཅིག་རིང་གི་ལས་དོན་དང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཚང་མས། སྙན་སྒྲོན་གྱི་བརྗོད་དོན་གཙོ་བོ་ཁ་གསལ་བ་དང་། ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པ། གཙོ་གནད་མངོན་གསལ་དོད་པ་བཅས་ཡོད་པས་མཛུབ་ཁྲིད་རང་བཞིན་དང་རྒྱང་ལྟའི་རང་བཞིན་ཤུགས་ཆེན་ལྡན་ལ། སླད་ཕྱིན་ལས་དོན་ཐད་བཏོན་པའི་གྲོས་འགོར་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཤུགས་ཆེན་ལྡན་པས་རྦད་དེ་མོས་མཐུན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་ལེན་བསྟར་བའི་འགག་རྩའི་ལོ་ཞིག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་འགག་སྒྲོལ་ལོ་ཞིག་བཅས་རེད་ལ། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་65འཁོར་བའི་ལོ་ཞིག་ཀྱང་ཡིན་པས། མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། ཨུ་ཡོན་ཚོས། ལོ་གསར་པའི་ནང་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་འདོན་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་ཡག་པོ་བྱེད་པ། དུས་རབས་གསར་པའི་སྲིད་གྲོས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་གསུངས་པ་རེད།

    ཨུ་ཡོན་ཚོས་ད་དུང《སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན》ལ་གྲོས་བསྡུར་གནང་ཞིང་། ཚང་མས། ལོ་གཅིག་རིང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་དང་ཆེད་དོན་ཨུ་ལྷན་ཁག་གིས་རྒྱལ་ཁབ་ཀྱི་དོན་ཆེན་དང་། རང་སྐྱོང་ལྗོངས་ཀྱི་དོན་ཆེན། དམངས་ཀྱི་དོ་ཁུར་བཅས་ལ་དམ་པོར་དམིགས་ནས་གྲོས་གཞི་བཏོན་པ་མ་ཟད། གྲོས་འགོ་ཡག་པོ་བཏོན་པ་དང་། ཐབས་ཇུས་གནད་འཁེལ་བཏོན་པ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་མགྲིན་གཅིག་ཏུ་གསུངས་པ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྕགས་རྭ་བློ་བཟང་བསྟན་འཛིན་དང་། ལུའོ་མེ། ཀྲང་ཧུང་པོ། ཝང་ཡུང་། ལང་ཧྥུའུ་ཁོན། ཝེ་ཤིའུ་ཁྲང་། ཞུས་ཀྲེ་ཐའོ། ཚེ་རིང་ཕུན་ཚོགས། མོང་ཞའོ་ལིན། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། རྡོ་རྗེ་ཚེ་སྒྲུབ། ངག་དབང་། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཝང་ཀང་བཅས་རིགས་ཁོངས་ཁག་གི་ཚོགས་ཆུང་ཁག་བགོས་ཀྱི་གྲོས་བསྡུར་ནང་སོ་སོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།