དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་ཞུགས་པ་དང་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-06

    ཟླ་1ཚེས་5ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བཞིན་པ།

    ཟླ་1ཚེས་5ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཚེས་5ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད། ཁོང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ཏེ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ལིའུ་ཅང་དང་། དབང་ཧའེ་ཀྲོའུ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཀརྨ་ཚེ་བརྟན་གྱིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་སློབ་གསོ་གསོ་སྦྱོང་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་རེ་རེ་བཞིན་ལ་ཕྱག་བཏང་གནང་ནས་ཕན་ཚུན་སྨོན་འདུན་ཞུས་པ་རེད། བཞུགས་མོལ་ཚོགས་འདུའི་ཐོག་སངས་རྒྱས་ལེགས་གྲུབ་དང་། བསོད་ནམས་ཆོས་སྒྲོན། མཐུ་སྟོབས་སེང་གེ དགྲ་འདུལ། དངོས་གྲུབ་རྡོ་རྗེ་བཅས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་ཚུལ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་། དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བཅས་ལ་ཐོབ་པའི་མྱོང་ཚོར་གླེང་སྟེ་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་ཚོས་སྙིང་དབུས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དང་། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་ཀྱི་ཐུན་མོང་གི་བསམ་འདུན་གང་ལེགས་མཚོན་པར་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། མིག་སྔར་བོད་དུ་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། མཐའ་མཚམས་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད། ཐོབ་པའི་གྲུབ་འབྲས་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་ཞིག་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་དེ་བཞིན་རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཚོའི་དཀའ་སྤྱད་འབད་བརྩོན་ལས་བྱུང་བའི་འབྲས་བུ་ཞིག་ཀྱང་རེད། ལོ་གཅིག་རིང་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱས་ཏེ། རྒྱ་ཆེའི་གྲྭ་བཙུན་ཚོར“བཟང་པོ་བཞིའི་གྲྭ་བཙུན”བརྩོན་ལེན་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཡོད། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    ཝང་ཅུན་ཀྲེང་གིས་བབ་ཆགས་པའི་བཀའ་མོལ་དང་གསོན་ཉམས་དོད་པའི་དཔེ་མཚོན་ལ་བརྟེན་ནས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྒྱུད་རིམ་གོ་རིམ་ལྡན་པའི་ངང་གསེད་དཀྲོལ་གནང་བ་མ་ཟད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ལས་ཐོབ་པའི་བསྡོམས་ཚིག་གལ་ཆེན་དང་། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པའི་ལྡོག་མེད་ཀྱི་གདམ་ག བོད་བརྒྱུད་ནང་བསྟན་དེང་སྐབས་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་རྩ་བའི་ཐབས་ལམ། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་བཅས་རེད། རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་གྲྭ་བཙུན་ཚོས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་འགྱུར་ལྡོག་ཆེན་པོའི་ཁྲོད་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོ་གུང་ཁྲན་ཏང་རླབས་པོ་ཆེ་ཡིན་པ་མྱོང་ཚོར་གཏིང་ཟབ་ཐུབ་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྙིང་དབུས་ནས་བརྩི་བཀུར་ཞུ་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་གཙོ་འཛིན་གྱི་གནས་བབ་རང་རྟོགས་ངང་སེམས་ལ་བརྟན་པོར་འཆང་བ་བཅས་བྱས་ནས་ཆབ་སྲིད་ཐད་དངོས་འབྲེལ་བློས་འགེལ་ཆོག་པ་ཞིག་བྱེད་དགོས་པ་དང་། གསུང་རབ་ལ་ཞིབ་འཇུག་དང་། ཤེས་ཡོན་ལ་འབད་བརྩོན། ཆོས་ལུགས་ཀྱི་ཆོ་ག་བྱང་ཆུབ་པོས་ཁོང་དུ་ཆུད་པ། བསྟན་དོན་དང་འདུལ་ཁྲིམས་ལ་གསལ་འགྲེལ་ཡང་དག་བཅས་བྱས་ནས་ཆོས་ལུགས་ལ་དངོས་འབྲེལ་ཐོས་བསམ་ཟབ་མོ་བྱེད་དགོས་པ། སྤྱོད་བཟང་རང་གཅུན་དང་གཞུང་དྲང་ཟོལ་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་དང་། དད་ལྡན་མང་ཚོགས་ཚོར་གོམས་སྲོལ་བསྒྱུར་བར་ཁྲིད་སྟོན། ཚུལ་ཁྲིམས་རྣམ་དག་གི་སྲོལ་རྒྱུན་མཐའ་འཁྱོངས། ཁྲིམས་དང་སྒྲིག་སྲོལ་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་བ། བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་སྒྲིག་ལམ་རང་རྟོགས་ངང་སྲུང་སྐྱོང་བཅས་བྱས་ཏེ་སྤྱོད་ལམ་ཐད་དངོས་འབྲེལ་དམངས་མགུ་བར་བྱེད་དགོས། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་གྱིས་རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཚོར་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པར་ཁྲིད་སྟོན་དང་། དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ཕྱོགས་གཏོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བཅས་བྱས་ཏེ། འགག་རྩའི་དུས་སུ་ནུས་པ་དངོས་འབྲེལ་ཐོན་པ་བྱེད་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་། “ལོ་རྒྱུས་བཞི”དང་བོད་ཀྱི་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་སྦྱོང་གཏིང་ཟབ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བར་ཤུགས་སྣོན་རྒྱག་པ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་ནས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས་པ་བཅས་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་སྤེལ་ནས་ལོ་གཅིག་ལྷག་ཙམ་སོང་ཚུན། ཆོས་ལུགས་ལས་རྒྱལ་ཁབ་གཙོ་དང་། འདུ་ཁྲིམས་ལས་རྒྱལ་ཁྲིམས་གཙོ། ཆོས་འབངས་ནི་དང་ཐོག་སྤྱི་དམངས་ཡིན་པ་བཅས་ཀྱི་རྒྱ་ཆེའི་གྲྭ་བཙུན་ཚོའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་མུ་མཐུད་བརྟན་དུ་ཕྱིན་ཡོད། ལྗོངས་ཡོངས་སུ“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ་དེ་ཀྲུང་དབྱང་གི་བླང་བྱ་དང་། བོད་ཀྱི་དོན་དངོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གྲྭ་བཙུན་དང་མི་རིགས་ཁག་གི་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་བཅས་དང་མཐུན་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད་པས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གཞི་རྟེན་གསར་གཏོད་དང་། ཕུན་སུམ་ཚོགས་པའི་བྱེད་ཐབས། རིགས་དབྱེ་མཛུབ་ཁྲིད། ཇུས་བསྟར་གནད་སྨིན་བཅས་མཐའ་འཁྱོངས་བྱས་ཏེ། གྲྭ་བཙུན་དང་མང་ཚོགས་ཚོས་གོ་ཐུབ་པའི་སྐད་ཆ་དང་། ལྟ་འདོད་ཅིང་ཉན་སྤྲོ་བ་དང་། དང་ལེན་བྱེད་བདེ་བ། ཞུགས་བདེ་བ་བཅས་ཀྱི་བྱེད་ཐབས་སྤྱད་ནས“འདུ་ཤེས་གསུམ”གསལ་པོ་ཤོད་དགོས། གོམ་པ་རིམ་བགྲོད་དང་རིམ་བཞིན་གཏིང་ཟབ་ཏུ་གཏོང་བ་མཐའ་འཁྱོངས་བྱས་ཏེ“གསོ་སྦྱོང་སྔོན་འཇོག་དང་། རིམ་དབྱེ་ལག་བསྟར། གཞི་རིམ་ལ་གཙིགས་འཛིན། འཐབ་ས་དང་པོར་གཙིགས་ཆེན”བཅས་ཀྱི་རྩ་དོན་ལ་གཞིགས་པ། “རྒྱུན་གཏན”དང“ཕུགས”ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས། དཔེ་སྟོན་ལ་སྐུལ་འདེད་དང་སྒུལ་ཤུགས་འཕེལ་བར་མཐའ་འཁྱོངས་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་རང་འགུལ་ངང་སྒྲོག་འགྲེལ་དང་མྱོང་ཁྲིད་བྱས་ནས་རྒྱ་ཆེའི་གྲྭ་བཙུན་ཚོ་རང་འགུལ་ངང་ཞུགས་པའི་འདུ་ཤེས་ཟབ་ཏུ་འགྲོ་བར་སྣེ་ཁྲིད་བྱེད་དགོས། གནད་དོན་གྱི་ཕྱོགས་སྟོན་དང་སློབ་བཅོས་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་དང་། ཁྲིམས་སྐྱོང་གི་བསམ་གཞིག ཁྲིམས་སྐྱོང་གི་བྱ་ཐབས་བཅས་ལ་བརྟེན་ནས་ཆོས་ལུགས་ལས་དོན་ལ་དོ་དམ་དང་དགོན་སྡེའི་དོ་དམ་ཚན་རིག་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་གཏོང་བ་དང་། དུས་ཐོག་ཏུ་སྤྱོད་གོ་ཆོད་པའི་བྱེད་ཐབས་བཟང་པོ་དང་ཉམས་མྱོང་བཟང་པོ་གཏན་འཁེལ་སྒོས་ལམ་ལུགས་དང་བྱེད་ཐབས་སུ་བསྒྱུར་བ། རྒྱ་ཆེའི་གྲྭ་བཙུན་གྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་རང་རྟོགས་བྱ་སྤྱོད་ལ་བསྒྱུར་བ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་དོ་དམ། སྤྱི་ཚོགས་ཀྱིས་མཐུན་སྦྱོར། ཆོས་ལུགས་ཀྱིས་རང་འདོམས་བཅས་ཀྱི་ཆོས་ལུགས་ལས་དོན་གྱི་བཅོས་སྐྱོང་རྣམ་པ་ཧུར་ཐག་གཏོད་པ་དང་། ཆོས་ལུགས་ལས་རིགས་ལ་རང་ངོས་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བར་ཁྲིད་སྟོན་ཧུར་ཐག འཐུས་མིའི་ནུས་པ་འདོན་སྤེལ། ཆོས་ལུགས་ལས་རིགས་ལ་ཆོས་ལུགས་ནན་པོས་སྐྱོང་བར་རྒྱབ་སྐྱོར། འཐུས་མིའི་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    ཡན་ཅིན་ཧའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ལོ་གསར་པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དེ་ལས། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིར་མཐུན་སྒྲིལ་དང་བརྟེན་ལུགས་གང་ལེགས་མཚོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བཅས་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་བོད་བརྒྱུད་ནང་བསྟན་གྱི་དགེ་མཚན་ལྡན་པའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་ཞིང་ཆེན་རིམ་པའི་འགོ་ཁྲིད་བློ་མཐུན་དང་། ལྗོངས་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན། ས་གནས་དང་གྲོང་ཁྱེར་ཁག་གི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།