བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གོམ་སྟབས་བརྟན་པོ་སྤོས་པ།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་གཅིག་གི་ལས་དོན་སྐོར་གྱི་སྒྲིལ་གླེང་།
2023ལོ་ནི་ཏང་གི་ཚོགས་ཆེན་བཅུ་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་འགོ་ཚུགས་པའི་ལོ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་རེད་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་སྒྲུབ་པའི་ལོ་དང་པོའང་རེད། ལོ་གཅིག་རིང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་པ།“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ། “འདུ་ཤེས་བཞི”ཟབ་ཏུ་བཏང་བ་དང་། “གདེང་ཚོད་བཞི”བརྟན་དུ་བཏང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱས་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམ་པོར་དམིགས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་བསྒྲུབས་ནས། ལས་དོན་དངོས་དང་། གྲུབ་འབྲས་དངོས། ཕན་འབྲས་དངོས་གཏོད་རིང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གོམ་སྟབས་བརྟན་པོ་སྤོས་ཡོད།
ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་།
ཁ་སྒྱུར་ཕྱོགས་སྟོན་ཡག་པོ་བྱས་པ།
ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས། ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱས་ནས་ཏང་གི་འགོ་ཁྲིད་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཚང་མར་ལག་བསྟར་བྱས་ཡོད། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་། ཏང་ཙུའི་ཚོགས་འདུ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། “བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་སློབ་ཁང”སོགས་རྣམ་པ་འདྲ་མིན་སྣ་ཚོགས་བརྒྱུད། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་རྩ་བའི་ཆབ་སྲིད་ལམ་ལུགས་སེམས་ལ་ཟུག་པར་སྐུལ་འདེད་གཏོང་བ་དེ། སྤུས་ཚད་མཐོ་པོས་འགན་འཁྲི་སྒྲུབ་པའི་ཞིབ་ཕྲའི་ལག་ལེན་དུ་བསྒྱུར་ཡོད། དགོངས་སྐོར་སྙན་སེང་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་ཏུ་སྤེལ་བའི་འགན་ལེན་བྱས་པ་མ་ཟད། གང་དུ་ཏང་གི་ཐབས་ཇུས་བཀོད་སྒྲིག་ཡོད་ཚེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གར་སྤེལ་བ་དང་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དེ་གར་འདོན་སྤེལ་ཐུབ་པའི་འགན་ལེན་བྱས་ཡོད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཞིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་གནས་ཚད་མཐོ་པོས་འཆར་འགོད་བཀོད་སྒྲིག་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་ལག་ལེན་བསྟར་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར། སྒྲིག་སྲོལ་ལམ་ལུགས་གསར་འཛུགས་བཅས་ཐོག་མཐའ་བར་གསུམ་དུ་དོན་འཁྱོལ་བྱས་པ་དང་གཞི་གཅིག་ཏུ་སྐུལ་འདེད་བཏང་ཡོད། འགོ་ཁྲིད་ལས་བྱེད་པས་ཏང་གི་སློབ་ཚན་ཐེངས་25ཁྲིད་པ་དང་། དཔེ་ཀློག་འཛིན་གྲྭ་ཐེངས་19གཉེར་བ། ཆེད་དོན་ཟུར་ཁྲིད་ཐེངས་7བྱས་པ། བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་ཐེངས་7སྤེལ་བ། བརྟག་དཔྱད་ཞིབ་འཇུག་སྙན་ཞུ་41སྒྲུབ་པ། གནད་དོན་ཁག་139ལ་འཚོལ་བཤེར་བྱས་པ། གནད་དོན་ཁག་69དག་ཐེར་བྱས་པ། རྣམ་གྲངས་41ཡུན་རིང་མཐའ་འཁྱོངས་བྱས་ཡོད།
ཁྲིམས་བཟང་གིས་སྐྱོང་མཁས་ལ་སྐུལ་འདེད་བཏང་།
ཁྲིམས་འཛུགས་ལས་དོན་ཏན་ཏིག་བསྒྲུབས་པ།
ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འགག་སྒྲོལ་དཀའ་སེལ་གྱི་ལས་བཀུར་སྙིང་སྟོབས་དང་ཆེས་འགན་ཁུར་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ་འགན་འཁྲི་ནན་ཏན་བསྒྲུབས་ཤིང་། ཁྲིམས་འཛུགས་ཀྱི་བརྒྱུད་རིམ་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན། གོ་ཆོད་རང་བཞིན་བཅས་ཆེ་རུ་བཏང་སྟེ། སྤུས་ཚད་མཐོ་ལ་ནུས་ཕྱོད་ཆེ་བའི་ཁྲིམས་འཛུགས་ལ་བརྟེན་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་ནུས་ལྡན་བྱས་ཡོད། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ལོ་ལྔའི་ཁྲིམས་འཛུགས་འཆར་གཞིའི(2023ནས་2027ལོ་བར)》འཆར་ཟིན་དང《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་2023ལོའི་ལོ་འཁོར་གྱི་ཁྲིམས་འཛུགས་ལས་ཀའི་འཆར་གཞིའི》འཆར་ཟིན་གྱི་མ་ཟིན་བཀོད་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་གཞུང་དོན་གྲོས་མོལ་བྱེད་སྲོལ་དང་། རི་འཛེག་སྲོལ་ཡིག མི་དམངས་འདུམ་འགྲིག་སྲོལ་ཡིག བཟོ་ཚོགས་བཅའ་ཁྲིམས་ལག་བསྟར་བྱ་ཐབས་སོགས་ཁྲིམས་སྲོལ་དྲུག་གཅིག་གྱུར་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བ། ཆུས་བཙུགས་པའི་གྲོང་ཁྱེར་གྱི་ཁྲིམས་སྲོལ་20ལ་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་ལས་དོན་སྤེལ་བ་དང་འབྲེལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་ཕུལ་བ། རིམ་པ་ཁག་གི་ལག་བསྟར་བྱེད་མུས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་330ཐོ་འགོད་ཞིབ་བཤེར་བྱས་པ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ལས་དོན་སྙན་སྒྲོན་གྱི་ཐོ་འགོད་ཞིབ་བཤེར་སྙན་ཞུ་འབུལ་རྒྱུ་རྩ་བའི་ཆ་ནས་ཡོངས་སུ་ཁྱབ་པ། རང་སྐྱོང་ལྗོངས་ཀྱི་ཁྲིམས་སྲོལ་སྒྲིག་སྲོལ་གྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆའི་གྲངས་གཞིའི་མཛོད་བཟོས་ནས་སྤྱི་དམངས་ལ་འཚོལ་ཞིབ་དང་ཕབ་ལེན་བྱ་རྒྱུར་མཁོ་འདོན་བྱས་ཡོད། ཁྲིམས་སྲོལ་གཙང་སེལ་ལས་དོན་གཏིང་ཟབ་སྤེལ་ཏེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་མ་མཐུན་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་13དང་། སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་143 ཆུས་བཙུགས་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་7བཅས་གཙང་སེལ་བྱས་ཡོད།
འགན་འཁྲི་བསྒྲུབས་ནས་ཉམས་འགྱུར་མངོན།
འཐུས་མིའི་འགན་སྒྲུབ་འཇོན་ཐང་ཆེ་རུ་བཏང་བ།
ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་འཐུས་མིའི་བྱེད་པོའི་གནས་བབ་མཐའ་འཁྱོངས་བྱས་ཏེ། ཞབས་ཞུ་འགན་ལེན་བྱེད་སྟངས་ཟམ་མི་ཆད་པར་ལེགས་སུ་བཏང་བ་མ་ཟད། འཐུས་མིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་བློ་གྲོས་གཅིག་སྒྲིལ། དམངས་འཚོར་ཕན་འདོགས་པ་བཅས་དེ་བས་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་ཡང་བྱས་ཡོད།
འཐུས་མིའི་གྲོས་འགོ་སྒྲུབ་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་ལེགས་སུ་བཏང་ཞིང་། འཐུས་མིའི་གྲོས་འགོ་སྒྲུབ་པའི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་འཐུས་མིའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་སྒྲུབ་གཉེར་ལས་དོན་གྱི་ཆེད་དོན་བརྟག་ཞིབ་ལག་བསྟར་བྱས་ཏེ་འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་ཐུབ་པའི་འགན་ལེན་བྱས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཀྱིས་ཚོགས་འདུ་མ་འཚོག་གོང་གཅིག་སྡུད་ལྟ་ཞིབ་དང་ཆེད་དོན་བརྟག་ཞིབ་བྱས་ཏེ། འཐུས་མིར་བསམ་འཆར་དང་གྲོས་འགོ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་བཅའ་ཁྲིམས་དང་། ལྗོངས་བབ་དམངས་འདོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་བཀོད་སྒྲིག་བཅས་ཡང་དག་པའི་སྒོ་ནས་ཤེས་རྟོགས་བྱེད་པར་ཁྲིད་སྟོན་བྱས་པ་དང་། གྲོས་འགོ་སྒྲུབ་གཉེར་བྱ་རྒྱུར་རྩིས་སྤྲོད་པའི་མཐུན་སྦྱོར་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ་སྤུས་ཚད་མཐོ་པོས་འཐུས་མིའི་གྲོས་འགོ་257སྒྲུབ་གཉེར་བྱས་པས། འཐུས་མིའི་གྲོས་འགོ་སྒྲུབ་གཉེར་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
“འབྲེལ་གཏུག་གཉིས”དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ཞིང་། བོད་དུ་ཡོད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་སྒྱུར་ཞིབ་བཤེར་དང་། ཆེད་དོན་བརྟག་ཞིབ་བྱེད་སྒོ དེ་བཞིན་ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་སོགས་ཀྱི་ལས་དོན་ནང་ཞུགས་པར་སྒྲིག་འཛུགས་བྱས་ཤིང་། བཞུགས་མོལ་དང་། ཆེད་དོན་བཅར་འདྲི། ཁ་པར། སྐད་འཕྲིན་སོགས་ཀྱི་རྣམ་པ་བརྒྱུད་གཞི་རིམ་གྱི་འཐུས་མི་136དང་མི་ཐེངས་652དང་ཐད་ཀར་འབྲེལ་གཏུག་བྱས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་གཙོ་བོ་དང་ཟུར་ཞུགས་འཐུས་མིའི་བཞུགས་མོལ་ལམ་སྲོལ་དོན་འཁྱོལ་དང་འཐུས་མི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་པ། འཐུས་མིའི་ཁྱིམ་གཞིས་དང་། འཐུས་མིའི་འབྲེལ་གཏུག་ས་ཚིགས། འཐུས་མིའི་ཚོགས་ཆུང་། འཐུས་མིའི་བྱེད་སྒོ་ཁང་སོགས་འཐུས་མིས་འགན་འཁྲི་སྒྲུབ་པའི་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། རིམ་ཁག་འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་གཏིང་ཟབ་དང་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་ཡོད། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་ལེན་བྱས་ཤིང་། ཚོགས་འདུ་གྲོལ་སྐབས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལ་གྲོས་ཞིབ་དང་འདམ་ར་སྲུང་སྐྱོང་བྱེད་པའི“བཅའ་ཁྲིམས་གཅིག་དང་སྲོལ་ཡིག་གཅིག”ལག་བསྟར་བྱས་ཚུལ་ལ་བརྟག་ཞིབ་དང་། འགན་སྒྲུབ་གསོ་སྦྱོང་། ཁྲིམས་སྒྱུར་ཞིབ་བཤེར། ཆེད་དོན་བརྟག་ཞིབ། དེ་བཞིན་ཁྲིམས་འཛུགས་ཀྱི་བསམ་འཆར་བསྡུ་ལེན་སོགས་ཀྱི་བྱེད་སྒོར་ཞུགས་པར་སྒྲིག་འཛུགས་བྱས་ཡོད། ཞབས་ཞུའི་འགན་ལེན་ཆུ་ཚད་མཐོ་རུ་བཏང་ནས《དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་སྒྲུབ་ལག་དེབ》ཁྲི་7ལྷག་ཙམ་རྩོམ་འབྲི་བྱས་ཏེ། རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་འཐུས་ཚོགས་ཀྱི་ལས་དོན་པར་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱས་ཡོད།
རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས“དོན་ཆེན་བཞིར”མུ་མཐུད་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བོད་ཀྱི་ལག་ལེན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།