རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིར་བརྟག་ཞིབ་གནང་བ།
ཉེ་དུས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་རུ་སྣེ་ཁྲིད་དེ་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཀུང་སིར་བརྟག་ཞིབ་གནང་ནས། ཀུང་སིའི་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་དང་གྲངས་འཛིན་ཐོན་རྫས་ཞིབ་སྤེལ་དང་བེད་སྤྱོད་སོགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་བ་མ་ཟད། ཀུང་སིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་བཞུགས་མོལ་ཡང་གནང་བ་རེད།
དབང་ཧའེ་ཀྲོའུ་ཡིས་ནན་བཤད་གནང་དོན། བོད་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས“གཉེར་སྐྱོང་ཚོང་པ་ཆེ་གྲས་བཞིའི”ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་དང་། དྲ་རྒྱའི་ཆ་འཕྲིན་བདེ་འཇགས། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་པ་བཅས་བྱས་ནས། ས་ཁོངས་ཧྲིལ་པོའི་འཕྲིན་གཏོང་ཕྱོགས་ཡོངས་ལ་ཁྱབ་པའི་ལས་དོན་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་རྒྱག་དགོས། ཤེས་ལྡན་པ་གཅིག་སྡུད་དང་ཚན་ཞིབ་ཚོགས་པ་ཡོད་པའི་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ནས། གྲངས་འཛིན་ཅན་གྱི་ཉེར་སྤྱོད་དང་ཐོན་རྫས་གསར་སྤེལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་ཀྱི་ལྟ་ཞིབ་ཚད་ལེན་དང་། རིག་དངོས་སྲུང་སྐྱོང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཚོད་ལྟའི་དཔེ་སྟོན་ལས་དོན་ཡག་པོ་སྒྲུབ་པ་དང་། ཉམས་མྱོང་ཕྱོགས་སྡོམ་དང་སྔར་བས་འཐུས་སྒོ་ཚང་དུ་བཏང་རྗེས་ཕྱོགས་ཡོངས་ལ་ཁྱབ་གདལ་དང་བེད་སྤྱོད་གཏོང་དགོས། དྲ་འཕྲིན་དང་། དཔལ་འབྱོར་ཆ་འཕྲིན། འཕྲིན་གཏོང་དོ་དམ་སོགས་སྡེ་ཚན་གྱིས་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་གྱི་སྤྱིའི་བཀོད་པར་གཞིགས་ནས། སྤྱི་འདོམས་དོ་དམ་དང་། སྤྱི་འདོམས་འཛུགས་སྐྲུན། སྤྱི་འདོམས་སྲུང་སྐྱོང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་དང་། འགན་འཁྲི་དང་ལས་བགོས་ཁ་གསལ་བཟོ་བ། གཉེར་སྐྱོང་ཚོང་པ་དང་སྤྱོད་མཁན་ཚན་པའི་དབར་མཉམ་ལས་སྦྲེལ་ཟམ་འཛུགས་པར་རང་འགུལ་ངང་རོགས་རམ་བྱེད་པ། བདེ་འཇགས་འཐུས་ཚང་གི་མ་ལས་ཚོད་ལྟའི་ངང་ཁྱབ་སྤེལ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པར་མཉམ་དུ་སྐུལ་འདེད་གཏོང་དགོས།