དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པར་སྤྲིངས་པའི་འཚམས་འདྲིའི་ཡི་གེ

    བོད་ཀྱི་རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-01

    2024ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་འཆར་ལ་ཉེ་བའི་མཚམས་འདིར། ཁྱེད་དང་ནང་མི་ལྷན་རྒྱས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུ་གི་ཡིན།

    2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་འགོ་ཚུགས་ལོ་ཞིག་དང་། ལོ་གསུམ་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་མཚམས་བསྒྱུར་རྗེས་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་བྱུང་བའི་ལོ་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཕྱི་རོལ་གྱི་གནོན་ཤུགས་འགོག་པ་དང་། ནང་ཁུལ་གྱི་དཀའ་ངལ་ཁྱད་བསད་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ནང་མཁོ་རྒྱ་ཆེར་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག་བྱེད་པ། ཡིད་ཆེས་འཕེལ་བ། ཉེན་ཁ་སྔོན་འགོག་དང་སེལ་བ་བཅས་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐུབ་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་འཕེལ་རིམ་གལ་ཆེན་བྱུང་བ། ཚན་རྩལ་གསར་གཏོད་ལ་ཚད་བརྒལ་གསར་པ་བྱུང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་ཐུབ་པ། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་ཞིང་བརྟན་ལ་ཏན་ཏིག་ཡོད་པ། དམངས་འཚོ་འགན་སྲུང་ལ་ནུས་ཤུགས་དང་ཕན་འབྲས་ལྡན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་བཅས་བྱུང་ཡོད།

    ལོ་གཅིག་གི་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སློབ་སྦྱོང་ལ་བརྟེན་ནས་སེམས་པ་སྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་སྲོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་བཅས་ལ་སྐུལ་འདེད་བཏང་བ་དང་། བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཧུར་ཐག་ཞུ་བ་དང་དེར་མཉམ་འདྲེས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་པ། རང་འགན་ཐེག་པ་ཁུར་ལེན་དང་ལས་སྒྲུབ་ལས་གཏོད། སྤྱོད་ཚུལ་ལེགས་སུ་བཏང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ། བོད་སྐྱོང་བོད་བརྟན་བོད་དར་གྱི་བྱ་གཞག་ཁག་མཉམ་དུ་བསྒྲུབས་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་པ་ལས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་ལ་བཀྲག་མདངས་འཚེར་ས་མང་བ་དང་། དཔལ་འབྱོར་གྱི་དམིགས་ཚད་ཁག་ལ་ཕྱོགས་ཡོངས་ནས་འབྲས་བཟང་ཐོབ་ནས། ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། སྐྱེ་ཁམས་བཟང་བ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། 2023ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“2023·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་ཆེད་མངགས་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་པ་དང་། བོད་ཀྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། ང་ཚོས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། ཡིད་ཆེས་ཆེན་པོ་བསྣན་པ། སྒུལ་ཤུགས་ཆེན་པོ་སྦྱིན་པ་བཅས་བྱས་ཡོད།

    2023ལོར་ལྗོངས་ཏང་ཨུད་ཀྱིས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བློ་མཐུན་རྒན་གྲས་ལ་གཅེས་སྐྱོང་ལྷག་པར་བྱས་ནས《དུས་རབས་གསར་པའི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》བཏོན་ཏེ། ལས་བྲལ་དང་རྒན་ཡོལ་ཞུས་པའི་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་ལམ་ལུགས་ཀྱི་འགན་ལེན་བྱས་པ་དང་། ལས་བྱེད་པ་གཟི་བརྗིད་ལྡན་པའི་ངང་རྒན་ཡོལ་ཞུ་བའི་ལམ་ལུགས་བཙུགས་ནས་ཆབ་སྲིད་ཐད་ནས་བརྩི་འཇོག་དང་། བསམ་བློའི་ཐོག་ནས་དོ་ཁུར། འཚོ་བའི་ཐད་ནས་ལྟ་རྟོག བསམ་པའི་ཐད་ནས་ཐུགས་ཁུར་བཅས་ཀྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ཀྱིས་ལས་གནས་ལས་བྲལ་ཡང་ཏང་ནས་མི་བྲལ་བ་དང་རྒན་ཡོལ་ཞུས་ཀྱང་སྙིང་སྟོབས་མི་ཉམས་པར། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱར་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ནས། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ་དང་། ཆབ་སྲིད་ཀྱི་ལེགས་ཆ་དང་། ཉམས་མྱོང་གི་ལེགས་ཆ། དབང་གྲགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱས་ཏེ། “ངས‘འཛུགས་གཏོད་བཞིར’ལེགས་སྐྱེས་འབུལ་རྒྱུ་ཡིན”སོགས་ཀྱི་བྱེད་སྒོ་གཞི་རྟེན་དུ་བྱེད་པ་དང་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བ་ལག་ལེན་བསྟར་བ་དང་། སྒྱུར་བཅོས་འཕེལ་རྒྱས་ཀྱི་ཐབས་ཇུས་ལ་ལེགས་སྐྱེས་འབུལ་བ། མི་རིགས་མཐུན་སྒྲིལ་གྱི་རོལ་དབྱངས་དཀྲོལ་བ། མཐའ་སྟོབས་མཐའ་སྲུང་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒན་རྒོན་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    ལོ་གསར་པའི་ནང་། ང་ཚོས་ལས་བྱེད་པ་རྒན་གྲས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལྟར། བློ་མཐུན་རྒན་གྲས་ལ་གུས་བཀུར་ཞུ་བ་དང་། བློ་གཅིག་སེམས་གཅིག་གིས་བློ་མཐུན་རྒན་གྲས་ལ་ཞབས་འདེགས་ཞུ་བ། བློ་མཐུན་རྒན་གྲས་ལ་ལྟ་རྟོག་ཚགས་ཚུད་བཅས་བྱས་ནས་ཞབས་ཞུ་དང་དོ་དམ་གྱི་ལས་དོན་སེམས་ནུས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ལས་བྱེད་པ་རྒན་གྲས་ལ་ཆབ་སྲིད་ཐད་སྔར་བས་གཟི་བརྗིད་ཚོར་སེམས་ལྡན་པ་དང་། རྩ་འཛུགས་ཐད་སྔར་བས་གཏོགས་སེམས་ཡོད་པ། འཚོ་བའི་ཐད་སྔར་བས་བདེ་སྣང་ཡོད་པ་བཅས་བྱེད་ཀྱི་ཡིན།

    ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་པ་རྒན་གྲས། བློ་མཐུན་རྒན་གྲས་བཅས་ལ་དུས་ཆེན་སྤྲོ་པོ་དང་། ནད་མེད་ཚེ་རིང་། ཁྱིམ་ཚང་བདེ་སྐྱིད། བཀྲ་ཤིས་བདེ་ལེགས་བཅས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྩ་འཛུགས་པུའུ།

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ལས་བྱེད་པ་རྒན་གྲས་ཅུས།

    2024ལོའི་ཟླ་1ཚེས་1ཉིན།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།