རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།
ཟླ་12ཚེས་22ཉིན་དང་ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག་གྲུབ་འབྲས་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་སང་ལོའི་ཕྱོགས་དགུའི་ཐད་ཀྱི་གཙོ་གནད་ལས་དོན་ལ་ཚན་རིག་དང་མཐུན་པའི་འཆར་འགོད་བཀོད་སྒྲིག་བྱས་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་གདེང་ཚོད་བརྟན་གཏོང་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་སྐུལ་སློང་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས་གཙོ་གནད་མངོན་གསལ་དོད་པོ་དང་། སྤྱི་འདོམས་ལྟ་རྟོག ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་ལས་དོན་ཁག་སྤུས་ཚད་མཐོ་པོས་སྒྲུབ་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
“ཚང་འཛོམས་གྲོས་ཚོགས་ཐོག་དངུལ་རྩའི་ཞབས་ཞུའི་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་ལེགས་སུ་དང་དངུལ་རྩ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ནུས་ལྡན་བྱེད་པ་དང་། གོ་ཆོད་པའི་མ་དངུལ་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་དང་རྣམ་གྲངས་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་སོགས་ཀྱི་དམིགས་ཚད་ལས་འགན་བཏོན་པས་སང་ལོའི་དཔལ་འབྱོར་ལས་དོན་ཐད་ང་ཚོར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་ནོར་སྲིད་ཀྱི་ལས་ཀ་བྱེད་བཞིན་པའི་ཆབ་མདོ་གྲོང་ཁྱེར་ནོར་སྲིད་ཅུས་དངུལ་རྩ་ཁོའོ་ཡི་ལས་བྱེད་པ་ཀྲོའུ་ཧུང་ཆིང་གིས་འགན་འཁྲི་ལྕི་པོ་ཚོར་བཞིན་དུ་བཤད། ཁོང་གིས། ད་ཐེངས་ཀྱི་ཚོགས་འདུའི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི“ངེས་པར་དུ་བྱེད་དགོས་པ་ལྔའི”ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ནོར་སྲིད་སྒྱུར་བཅོས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་གལ་ཆེན་གང་ལེགས་འདོན་པ། དངུལ་རྩའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། དངུལ་རྩའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འགན་ནུས་དང་འགན་འཁྲི་ནན་ཏན་ངང་སྒྲུབ་པ་བཅས་བྱས་ཏེ་ཁོངས་གཏོགས་ཚན་པ་ཁག་གི་སྔོན་རྩིས་དང་། བྱས་འབྲས། ལས་སྒོ་སོགས་གཙོ་གནད་ལས་དོན་བདེ་བླག་ངང་ལེགས་སྒྲུབ་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད།
རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་ནི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན་པས། དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ཏེ་བོད་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བྱེད་དགོས་པའི་ནན་བཤད་བྱས་ཡོད།
“ཤང་དང་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ངོས་ནས་ཤང་དང་གྲོང་རྡལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད། མང་ཚོགས་འབབ་འཕར་ལ་སྐུལ་འདེད་གཏོང་བ་ནི་ངས་སྔར་ནས་འཚོལ་ཞིབ་བྱེད་པའི་ལས་ཀའི་ཞིབ་འཇུག་བྱ་གཞི་ཞིག་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལ་ཐོག་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ལེ་ཡིས་བཤད་པ་དང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། ལ་ཐོག་ཤང་གིས་ས་གནས་དེ་གའི་ལེགས་ཆ་དང་ཁྱད་ཆོས་འདོན་རྒྱུར་གཞི་ཚུགས་ཏེ“ཚན་རིག་དང་མཐུན་པའི་ངང་འབྲོག་ལས་གསོ་ཚགས་དང་གནོད་མེད་ཀྱི་བོད་སྨན་སྨན་རྒྱུ་འདེབས་འཛུགས་ཟུང་དུ་འབྲེལ་བའི”ཁྱད་ལྡན་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས་པས། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། སླད་ཕྱིན་གྱི་ལས་ཀའི་ཁྲོད་ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ནས་དཔའ་ངར་ཆེར་བསྐྱེད་དང་། ཡིད་ཆེས་བརྟན་པོ། དངོས་སྒྲུབ་ཀྱི་སྤྱོད་ཚུལ་དེ་བས་ཆེ་བའི་སྒོ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ་ས་མཐོའི་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད།
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་མཁར་རྨོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཁྲེན་ལི་པིན་གྱིས། ཉེ་བའི་ལོ་ཤས་རིང་། མཁར་རྨོག་གྲོང་ཚོས་སྤོ་བོ་རྫོང་གི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་ཁག་དང་པོ་ལག་ལེན་བསྟར་བའི་གོ་སྐབས་གལ་ཆེན་དམ་འཛིན་ཐོག་རྒྱལ་ལམ་318འཁྲིས་ཀྱི་ས་བབ་ལེགས་ཆ་དང་གངས་རིའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས། གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གསར་པ་བཏོད་པས་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཡུལ་སྐོར་གྲོང་ཚོར”གྱུར་པ་དང་། གྲོང་ཚོའི་མཉམ་སྡེབ་ཡོང་འབབ་ལོ་རེར་ཉུང་ཤོས་ལ་སྒོར་ཁྲི་20.1བར་འཕར་བ་དང་། འདི་ལོ་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་61ཟིན་ནས་གྲོང་ཚོ་དབུལ་པོའི་དབུལ་ཞྭ་ཕུད་ཡོད། གོམ་སྟབས་རྗེས་མར། གྲོང་སྡོད་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས། ལས་དོན་གྱི་རང་འགུལ་རང་བཞིན་དང་དམིགས་སའི་རང་བཞིན་སྔར་བས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ཏེ་ཚོགས་འདུའི་དགོངས་དོན་མང་ཚོགས་ལ་དྲིལ་བསྒྲགས་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་བཅས་བྱེད་ཀྱི་ཡིན་ཞེས་བཤད།