བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདུམ་འགྲིག་སྲོལ་ཡིག
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་བསྒྲགས།
〔2023〕ཡིག་ཨང་11པ།
(2023ལོའི་ཟླ་9ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་བ)
《བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འདུམ་འགྲིག་སྲོལ་ཡིག》འདི་2023ལོའི་ཟླ་9ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གྲོས་འཆམ་བྱུང་དོན་བཞིན་ད་ལྟ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞིང་། 2023ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་ཆེད་དམིགས་སུ་སྤྱི་བསྒྲགས་འདི་སྤེལ་བ་ཡིན།
བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།
2023ལོའི་ཟླ་9ཚེས་22ལ།
ལེའུ་དང་པོ། སྤྱིའི་རྩ་དོན།
དོན་ཚན་དང་པོ། མི་དམངས་འདུམ་འགྲིག་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་དེ་ཚད་ལྡན་དུ་བཏང་ནས་དམངས་ཁྲོད་ཀྱི་རྩོད་གཞི་སྔོན་འགོག་དང་ཐག་གཅོད་ནུས་ལྡན་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འདུམ་འགྲིག་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྲོལ་ཡིག་འདི་བཟོས་པ་ཡིན།
དོན་ཚན་གཉིས་པ། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་སུ་མི་དམངས་འདུམ་འགྲིག་གི་ལས་དོན་སྤེལ་བར་སྲོལ་ཡིག་འདི་སྤྱད་ན་འཐུས།
དོན་ཚན་གསུམ་པ། སྲོལ་ཡིག་འདིའི་ནང་འཁོད་པའི་མི་དམངས་འདུམ་འགྲིག་ཅེས་པ་ནི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་གོ་སྐོན་བློ་འགུག་དང་ལམ་སྟོན་སློབ་ཁྲིད་སོགས་ཀྱི་བྱ་ཐབས་སྤྱད་དེ་འདྲ་མཉམ་ངང་གྲོས་མོལ་བྱེད་པའི་རྨང་གཞིའི་ཐོག་དོ་བདག་གིས་རང་མོས་ངང་འདུམ་འགྲིག་གྲོས་མཐུན་བཞག་ནས་དམངས་ཁྲོད་ཀྱི་རྩོད་གཞི་ཐག་གཅོད་བྱེད་པའི་བྱེད་སྒོར་ཟེར།
དོན་ཚན་བཞི་པ། མི་དམངས་འདུམ་འགྲིག་གི་ལས་དོན་སྤེལ་བར་ངེས་པར་དུ་ཏང་ཨུད་ཀྱིས་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། དམངས་གཙོའི་གྲོས་མོལ་བྱེད་པ། སྤྱི་ཚོགས་ཀྱིས་མཉམ་ལས་བྱེད་པ། སྤྱི་དམངས་ཀྱིས་ཐེ་ཞུགས་བྱེད་པ། ཁྲིམས་སྐྱོང་གིས་འགན་སྲུང་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང་”མཐའ་འཁྱོངས་དང་གོང་འཕེལ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ། གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་དམངས་འདུམ་འགྲིག་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་མི་དམངས་འདུམ་འགྲིག་ལས་དོན་དེ་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་ཁྲིམས་སྐྱོང་འཛུགས་སྐྱོང་གི་འཆར་འགོད་ནང་འཇུག་རྒྱུ་དང་། གྲོང་ཁྱེར(ས་གནས)དང་། རྫོང་(གྲོང་ཁྱེར་དང་ཆུད) ཤང་གྲོང་རྡལ(ཁྲོམ་གཞུང) གྲོང་ཚོ(ཡུལ་མི་ཨུ་ལྷན) དྲ་མིག་བཅས་དང་། དེ་བཞིན་ལས་རིགས་དང་ཆེད་ལས་ཁྱབ་ཁོངས་སུ་ཁེབས་པའི་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱི་དྲ་རྒྱའི་མ་ལག་ཚགས་ཚུད་དུ་གཏོང་རྒྱུ་མ་ཟད། རིམ་རིགས་ཁག་གི་འགན་ནུས་སྦྲེལ་མཐུད་དམ་ཟབ་བྱེད་པ་དང་། སྡེ་ཚན་དབར་མཐུན་སྦྱོར་མཉམ་འགུལ་བྱེད་པ། ཕན་འབྲས་ཆེ་ལ་སྟབས་བདེ་བའི་ཞབས་ཞུ་སྒྲུབ་པ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་འདུམ་འགྲིག་ཆ་འཕྲིན་ཅན་དུ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་ལས་དོན་ལ་སྐུལ་སྤེལ་གཏོང་དགོས།
དོན་ཚན་ལྔ་པ། མི་དམངས་འདུམ་འགྲིག་གི་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ཁག་ལ་བརྩི་སྲུང་ཞུ་དགོས་པ་སྟེ།
(གཅིག)དོ་བདག་གི་འདོད་མོས་ལ་བརྩི་འཇོག་བྱས་ནས། རང་མོས་དང་འདྲ་མཉམ་གྱི་རྨང་གཞིའི་ཐོག་འདུམ་འགྲིག་བྱེད་དགོས་པ།
(གཉིས)བཅའ་ཁྲིམས་ཁྲིམས་སྲོལ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས། སྤྱི་པའི་སྒྲིག་སྲོལ་བཅས་དང་མི་འགལ་བ་བྱེད་དགོས་པ།
(གསུམ)སྔོན་འགོག་དང་ཐག་གཅོད་བྱ་རྒྱུ་ཟུང་འབྲེལ་བྱས་ནས། དངོས་ཡོད་ཀྱི་རྩོད་གཞི་ཐག་གཅོད་བྱེད་པར་སྣང་ཆེན་བྱེད་དགོས་པ།
(བཞི)དོ་བདག་གི་ཁེ་དབང་ལ་བརྩི་འཇོག་བྱས་ནས། འདུམ་འགྲིག་བྱས་པའི་དབང་གིས་དོ་བདག་ནས་ཁྲིམས་བཞིན་འདུམ་གཅོད་དང་། སྲིད་འཛིན། ཁྲིམས་འཛིན་སོགས་བརྒྱུད་དེ་རང་སོ་སོའི་ཁེ་དབང་སྲུང་སྐྱོང་བྱེད་པར་བཀག་འགོག་བྱེད་མི་ཆོག་པ་བཅས་སོ།
དོན་ཚན་དྲུག་པ། རྫོང་རིམ་པ་ཡན་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་ས་ཁོངས་དེ་གའི་མི་དམངས་འདུམ་འགྲིག་ལས་དོན་ལ་མཛུབ་ཁྲིད་བྱེད་འགན་འཁུར་ནས། གཤམ་གསལ་གྱི་ཞིབ་ཕྲའི་འགན་འཁྲི་ཁག་སྒྲུབ་དགོས་པ་སྟེ།
(གཅིག)མི་དམངས་འདུམ་འགྲིག་ལས་དོན་གྱི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ལག་བསྟར་བྱེད་དགོས་པ།
(གཉིས)མི་དམངས་འདུམ་འགྲིག་ལས་དོན་གོང་འཕེལ་གཏོང་རྒྱུའི་འཆར་འགོད་དང་ལས་ཀའི་ཚད་གཞི་ཞིབ་འཇུག་བྱས་ནས་བཟོ་འབེབས་བྱེད་དགོས་པ།
(གསུམ)མི་དམངས་འདུམ་འགྲིག་པར་ལས་ཞུགས་གོང་གི་གསོ་སྦྱོང་དང་ལོ་འཁོར་གསོ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས་པ།
(བཞི)མི་དམངས་འདུམ་འགྲིག་རྩ་འཛུགས་དང་མི་དམངས་འདུམ་འགྲིག་པར་དུས་བཀག་ལྟར་དཔྱད་ཞིབ་དང་གཟེངས་བསྟོད་བྱ་དགའ་སྤྲོད་དགོས་པ།
(ལྔ)མི་དམངས་འདུམ་འགྲིག་གི་ལས་ཀའི་ཉམས་མྱོང་ཕྱོགས་བསྡོམས་དང་། སྤེལ་རེས། ཁྱབ་གདལ་བཅས་གཏོང་དགོས་པ།
(དྲུག)མི་དམངས་འདུམ་འགྲིག་གི་དྲིལ་བསྒྲགས་ལས་དོན་སྤེལ་དགོས་པ།
(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འགན་འཁྲི་གཞན་དག་སྒྲུབ་དགོས་པ་བཅས་སོ།
ཁྲིམས་འཛིན་སོའོ་ཡིས་གཏོགས་ཁོངས་དེ་གའི་མི་དམངས་འདུམ་འགྲིག་ལས་དོན་ལ་རྒྱུན་ལྡན་གྱི་མཛུབ་སྟོན་བྱེད་འགན་ཁུར་དགོས།
དོན་ཚན་བདུན་པ། གཞི་རིམ་མི་དམངས་ཁྲིམས་ཁང་གིས་གཤམ་གསལ་བྱ་ཐབས་སྤྱད་དེ་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱི་འདུམ་འགྲིག་བྱེད་སྒོར་མཛུབ་ཁྲིད་བྱེད་དགོས་པ་སྟེ།
(གཅིག)ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ལ་གཞོགས་འདེགས་བྱས་ནས་མི་དམངས་འདུམ་འགྲིག་པ་གསོ་སྦྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ།
(གཉིས)མི་དམངས་འདུམ་འགྲིག་པ་གདན་ཞུས་ཀྱིས་ཁྲིམས་ལྟར་ཡོངས་གྲགས་སུ་ཞིབ་གཅོད་བྱེད་པའི་གྱོད་གཞི་ཟུར་ཉན་བྱེད་དགོས་པ།
དོན་ཚན་བརྒྱད་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲིའི་ཁྱབ་ཁོངས་ནང་མི་དམངས་འདུམ་འགྲིག་གི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས།
མི་དམངས་ཚོགས་པ་དང་། སྤྱི་ཚོགས་རྩ་འཛུགས། ཁེ་ལས(བྱ་གཞག)ཚན་པ་སོགས་ཀྱིས་མི་དམངས་འདུམ་འགྲིག་ལས་དོན་ལ་རྒྱབ་སྐྱོར་དང་ཐེ་ཞུགས། གཞོགས་འདེགས་བཅས་བྱེད་པར་སྐུལ་མ་གཏོང་དགོས།
དོན་ཚན་དགུ་པ། རང་བྱུང་མི་དང་། ཁྲིམས་ཚན། ཁྲིམས་ཚན་མིན་པའི་རྩ་འཛུགས་བཅས་ཀྱིས་མི་དམངས་འདུམ་འགྲིག་གི་བྱ་ཐབས་སྤྱད་ནས་དམངས་ཁྲོད་ཀྱི་རྩོད་གཞི་ཐག་གཅོད་བྱ་ཐབས་དར་སྤེལ་གཏོང་དགོས།
དོན་ཚན་བཅུ་པ། རྩ་འཛུགས་གང་ཞིག་དང་མི་སྒེར་སུ་འདྲ་ཞིག་ཡིན་རུང་ཆོས་ལུགས་ལ་བརྟེན་ནས་མི་དམངས་འདུམ་འགྲིག་ལས་ཀར་འགོག་རྐྱེན་བཟོ་བ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའམ་ཡང་ན་དོ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་མི་ཆོག
ཉེན་ཆེའི་དངོས་རྫས་ཁྱེར་ནས་འདུམ་འགྲིག་བྱེད་སར་འགྲོ་མི་ཆོག
ལེའུ་གཉིས་པ། མི་དམངས་འདུམ་འགྲིག་རྩ་འཛུགས།
དོན་ཚན་བཅུ་གཅིག་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ནི་ཁྲིམས་བཞིན་བཙུགས་པའི་དམངས་ཁྲོད་ཀྱི་རྩོད་གཞི་འདུམ་འགྲིག་བྱེད་མཁན་མང་ཚོགས་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན།
མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་དམངས་ཁྲོད་ཀྱི་རྩོད་གཞི་འདུམ་འགྲིག་བྱེད་པར་གླ་རིན་གང་ཡང་བསྡུ་མི་ཆོག
དོན་ཚན་བཅུ་གཉིས་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་ཚད་ལྡན་གྱི་མིང་དང་། སྒོ་བྱང་གི་མཚོན་རྟགས། ཐམ་ག དེ་བཞིན་ཡིག་ཆ་བཅས་སྤྱོད་དགོས་པ་དང་། མི་དམངས་འདུམ་འགྲིག་པའི་མིང་ཐོ་དང་། འདུམ་འགྲིག་གི་སྒྲིག་ལམ། ལས་ཀའི་སྒྲིག་ཁྲིམས་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས།
མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་ལས་གནས་འགན་འཁྲིའི་ལམ་ལུགས་དང་། སློབ་སྦྱོང་། དཔྱད་ཞིབ། ལས་སྒོའི་ཐད་ཀྱི་ཐོ་འགོད། བསྡོམས་རྩིས། ཡིག་ཚགས། ཐམ་གར་དོ་དམ་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དཔུང་ཁག་དང་ནུས་པ་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་དགོས།
དོན་ཚན་བཅུ་གསུམ་པ། གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་དུ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་འཛུགས་དགོས།
ཤང་གྲོང་རྡལ(ཁྲོམ་གཞུང)དང་། ཁེ་ལས(བྱ་གཞག)ཚན་པ། སྤྱི་ཚོགས་ཚོགས་པའམ་ཡང་ན་རྩ་འཛུགས་གཞན་དག་བཅས་ཀྱིས་དགོས་མཁོར་གཞིགས་ནས་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་འཛུགས་དགོས།
སྤྱི་ཚོགས་ཚོགས་པའམ་ཡང་ན་རྩ་འཛུགས་གཞན་དག་གིས་དགོས་མཁོར་གཞིགས་ནས་སྨན་པ་དང་ནད་པའི་དབར་གྱི་རྩོད་གཞི་དང་། ངལ་རྩོལ་མི་དོན་གྱི་རྩོད་གཞི། འགྲིམ་འགྲུལ་དོན་རྐྱེན་གྱི་རྨས་སྐྱོན་གུན་གསབ། འཛད་སྤྱོད། སྡེ་ལས་ཞབས་ཞུ། ཡུལ་སྐོར། ཁོར་ཡུག་སྦགས་བཙོག གཉེན་སྒྲིག་ཁྱིམ་ཚང་། ཚོང་དོན་སོགས་དམངས་ཁྲོད་ཀྱི་རྩོད་གཞི་ཐོན་སླ་བ་དང་ཐོན་མང་བའི་ཁྱབ་ཁོངས་སུ་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་འཛུགས་དགོས།
མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དབར་ཁོངས་གཏོགས་ཀྱི་འབྲེལ་བ་མེད།
དོན་ཚན་བཅུ་བཞི་པ། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དེ་ཨུ་ཡོན་གསུམ་ནས་དགུ་བར་ལས་གྲུབ་པ་དང་། ཀྲུའུ་རེན་གཅིག་བསྐོ་རྒྱུ། དགོས་མཁོ་ཡོད་ཚེ་ཀྲུའུ་རེན་གཞོན་པ་ཁ་ཤས་བསྐོས་ཆོག
མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ནང་ངེས་པར་དུ་བུད་མེད་ཀྱི་ཁོངས་མི་ཡོད་དགོས་པ་དང་། མི་རིགས་མང་པོ་འདུས་སྡོད་བྱེད་སར་ངེས་པར་དུ་མི་གྲངས་ཅུང་ཉུང་བའི་མི་རིགས་ཀྱི་ཁོངས་མི་ཡོད་དགོས།
དོན་ཚན་བཅོ་ལྔ་པ། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དེ་ཁྲིམས་ལྟར་བདམས་ཐོན་བྱ་རྒྱུ། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་འཛིན་དུས་ཡུན་ཐིམ་རྗེས་ངེས་པར་དུ་འཕྲལ་མར་བསྐྱར་འདེམས་བྱེད་དགོས་པ་དང་། བསྟུད་མར་བསྐོ་བཞག་བྱས་ན་ཆོག
གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དེ་གྲོང་ཚོའི(ཡུལ་མི)ཚོགས་འདུའམ་ཡང་ན་གྲོང་ཚོའི(ཡུལ་མི)འཐུས་མིའི་ཚོགས་འདུའི་ཐོག་བདམས་ཐོན་བྱ་རྒྱུ་དང་། གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འགན་གཅིག་ལྕོགས་བྱས་ཀྱང་ཆོག
ཤང་གྲོང་རྡལ(ཁྲོམ་གཞུང་)མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནི་སྲིད་འཛིན་ས་ཁོངས་ནང་གི་གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་དང་། འབྲེལ་ཡོད་ཚན་པ། སྤྱི་ཚོགས་ཚོགས་པ། རྩ་འཛུགས་གཞན་དག་བཅས་ཀྱིས་འོས་སྦྱོར་བྱས་ནས་འདེམས་ཐོན་བྱེད་དགོས་ཤིང་། ཤང་གྲོང་རྡལ(ཁྲོམ་གཞུང)ཁྲིམས་འཛིན་སོའོ་ཡི་ལས་བྱས་གཅིག་ལྕོགས་བྱས་ན་ཆོག
ཁེ་ལས(བྱ་གཞག)ཚན་པའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དེ་ངེས་པར་དུ་ལས་བཟོའི་ཚོགས་ཆེན་དང་། ལས་བཟོའི་འཐུས་མི་ཚོགས་ཆེན་ནམ་ཡང་ན་བཟོ་ཚོགས་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་ནས་བདམས་ཐོན་བྱེད་དགོས་ཤིང་། ཁེ་ལས(བྱ་གཞག)ཚན་པའི་ངལ་རྩོལ་རྩོད་གཞི་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འགན་གཅིག་ལྕོགས་བྱས་ཀྱང་ཆོག
སྤྱི་ཚོགས་ཚོགས་པའམ་ཡང་ན་རྩ་འཛུགས་གཞན་དག་གིས་བཙུགས་པའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དེ་འབྲེལ་ཡོད་ཚན་པ་དང་སྤྱི་ཚོགས་ཚོགས་པའམ་ཡང་ན་རྩ་འཛུགས་གཞན་དག་བཅས་ཀྱིས་འོས་སྦྱོར་བྱས་ནས་བདམས་ཐོན་བྱས་ན་ཆོག
མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་མི་ཐུབ་པའི་སྐབས་དེ་སྔའི་འོས་སྦྱོར་ཚན་པས་དེའི་འོས་ཐོབ་མེད་པ་བཟོ་རྒྱུ་མ་ཟད། ལོགས་སུ་ཨུ་ཡོན་གསར་པ་འོས་སྦྱོར་བྱས་ནས་གསར་འདེམས་བྱེད་དགོས།
དོན་ཚན་བཅུ་དྲུག་པ། གྲོང་ཚོའི(ཡུལ་མི)མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། བརྗེ་སྒྱུར་བྱེད་པ་དེ་བཞིན་ཁོངས་མིའི་གྲུབ་ཚུལ་བཅས་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་འཛུགས་པ་དང་བརྗེ་སྒྱུར་བྱས་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་དུ་དེ་གནས་སའི་ཤང་གྲོང་རྡལ(ཁྲོམ་གཞུང་)ཁྲིམས་འཛིན་སོའོ་རུ་སྙན་ཐོ་དཔོ་དགོས་པ་མ་ཟད་འབྲེལ་ཡོད་དཔྱད་ཡིག་འབུལ་དགོས།
ཤང་གྲོང་རྡལ(ཁྲོམ་གཞུང)མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་། ཁེ་ལས(བྱ་གཞག)ཚན་པ། སྤྱི་ཚོགས་ཚོགས་པའམ་ཡང་ན་རྩ་འཛུགས་གཞན་དག་གི་ལས་གནས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་འཛུགས་པ་དང་། བརྗེ་སྒྱུར་བྱེད་པ། དེ་བཞིན་ཁོངས་མིའི་གྲུབ་ཚུལ་བཅས་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་འཛུགས་པ་དང་བརྗེ་སྒྱུར་བྱས་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་དུ་དེ་གནས་སའི་ས་གནས་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ལ་སྙན་ཐོ་དཔོ་དགོས་པ་མ་ཟད་འབྲེལ་ཡོད་དཔྱད་ཡིག་འབུལ་དགོས།
དོན་ཚན་བཅུ་བདུན་པ། གྲོང་ཚོའི(ཡུལ་མི)མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་དང་ཁེ་ལས(བྱ་གཞག)ཚན་པའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་དགོས་མཁོར་གཞིགས་ཏེ་རང་བྱུང་གྲོང་ཚོ་དང་། སྡེ་ཁུལ། སྒོ་ར་དང་ཁེ་ལས(བྱ་གཞག)ཚན་པའི་ནང་ཁུལ་སོགས་སུ་མི་དམངས་འདུམ་འགྲིག་ཚོགས་ཆུང་འཛུགས་ཆོག
དོན་ཚན་བཅོ་བརྒྱད་པ། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་དམངས་ཁྲོད་རྩོད་གཞི་འདུམ་སེལ་བྱེད་པའི་དགོས་མཁོར་གཞིགས་ཏེ་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ། ཡིག་འབུལ་ཞུ་བཅར། མི་དམངས་སྲིད་གཞུང་བཅས་འབྲེལ་ཡོད་སྡེ་ཚན་དང་གསར་སྤེལ་ཁུལ(སྡེ་གླིང) ཚོང་འདུས་ཉོ་ཚོང་ཁྲོམ་ར། ཡུལ་སྐོར་གནས་ལྗོངས་སོགས་དམིགས་འཛུགས་ཁུལ་དུ་མངག་སྡོད་མི་དམངས་འདུམ་འགྲིག་ལས་དོན་ཁང་འཛུགས་ཆོག
མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་ཆེད་ལས་ཀྱི་ཁྱད་འཕགས་རང་བཞིན་ལྡན་པ་དང་། སྤྱི་ཚོགས་ཀུན་གྱིས་ཡིད་ཆེས་ཆེན་པོ་བྱེད་པའི་མི་དམངས་འདུམ་འགྲིག་པ་རེ་ཞུས་བྱས་ནས་རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་མིང་བཏགས་པ་བརྒྱུད་མི་དམངས་འདུམ་འགྲིག་པ་མི་སྒེར་གྱི་མིང་ཐོག་གམ་ཡང་ན་དམིགས་བསལ་གྱི་མིང་ཐོག་ནས་མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་འཛུགས་ཆོག
མི་དམངས་འདུམ་འགྲིག་ལས་དོན་ཁང་འཛུགས་པ་དང་བརྗེ་སྒྱུར་བྱེད་པ་དེ་བཞིན་མེད་པ་བཟོ་བ་བཅས་བྱེད་དགོས་ཚེ་ངེས་པར་དུ་སྲོལ་ཡིག་འདིའི་དོན་ཚན་བཅུ་དྲུག་པའི་གཏན་འབེབས་གཞིར་བཟུང་སྙན་ཐོ་དཔོ་དགོས།
མི་དམངས་འདུམ་འགྲིག་ལས་དོན་ཁང་གིས་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་མིང་ཐོག་ནས་ལས་དོན་སྤེལ་དགོས།
དོན་ཚན་བཅུ་དགུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་མི་དམངས་འདུམ་འགྲིག་གི་ལྟེ་གནས་བཙུགས་ནས་རང་གི་སྲིད་འཛིན་ས་ཁོངས་ནང་གི་མི་དམངས་འདུམ་འགྲིག་པའི་ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱས་ན་ཆོག
དོན་ཚན་ཉི་ཤུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མི་དམངས་འདུམ་འགྲིག་རྩ་འཛུགས་དང་འདུམ་འགྲིག་པའི་མིང་ཐོར་དོ་དམ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་འདུམ་འགྲིག་རྩ་འཛུགས་དང་འདུམ་འགྲིག་པའི་གནས་ཚུལ་དུས་ཐོག་ཏུ་རང་ཉིད་གནས་སའི་གཞི་རིམ་མི་དམངས་ཁྲིམས་ཁང་ལ་བརྡ་ཁྱབ་གཏོང་དགོས་པ་མ་ཟད་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱས་ནས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།
ལེའུ་གསུམ་པ། མི་དམངས་འདུམ་འགྲིག་པ།
དོན་ཚན་ཉེར་གཅིག་པ། མི་དམངས་འདུམ་འགྲིག་པ་དེ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་གདན་ཞུས་བྱས་པའི་མི་སྣས་འགན་འཁུར་དགོས།
མི་དམངས་འདུམ་འགྲིག་པར་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་དང་འགན་གཅིག་ལྕོགས་འཁུར་མཁན་མི་དམངས་འདུམ་འགྲིག་པ་གཉིས་སུ་དབྱེ་ཡོད།
དོན་ཚན་ཉེར་གཉིས་པ། མི་དམངས་འདུམ་འགྲིག་པར་ངེས་པར་དུ་གཤམ་གྱི་ཆ་རྐྱེན་ཁག་འཛོམས་དགོས་པ་སྟེ།
(གཅིག)ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་དང་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ།
(གཉིས)རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་སྤྱི་ཚོགས་ཀྱི་སྤྱི་སྤྱོད་སྲུང་བ།
(གསུམ)མང་ཚོགས་ཀྱི་རྨང་གཞི་དང་འདུམ་འགྲིག་བྱེད་ནུས་ངེས་ཅན་ཡོད་པ་དང་། ཡུལ་འབབ་དམངས་འདུན་ལ་རྒྱུས་མངའ་ཡོད་ཁར་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ།
(བཞི)ལོ་ན་བཅོ་བརྒྱད་ཟིན་ཞིང་དམངས་དོན་བྱ་སྤྱོད་སྤེལ་ནུས་ལྡན་པ།
(ལྔ)གཞུང་དྲང་ཚུལ་ལྡན་དང་སྤྱོད་གཙང་རང་སྡོམ་གྱིས་མི་དམངས་འདུམ་འགྲིག་ལས་དོན་ལ་སེམས་རྩ་འཁོལ་པོ་ཡོད་པ།
(དྲུག)རིག་གནས་ཀྱི་ཆུ་ཚད་ངེས་ཅན་ལྡན་པ་དང་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་ཇུས་ལ་རྒྱུས་མངའ་ལྡན་པ་བཅས་སོ།
ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་འདུམ་འགྲིག་པར་ངེས་པར་དུ་འབྲེལ་ཡོད་ལས་རིགས་དང་ཆེད་ལས་ཤེས་བྱའམ་ཡང་ན་ལས་ཀའི་ཉམས་མྱོང་ལྡན་དགོས།
མི་དམངས་འདུམ་འགྲིག་པས་འགན་འཁྲི་སྒྲུབ་སྐབས་ངེས་པར་དུ་རྩ་དོན་མཐའ་འཁྱོངས་དང་། གནས་གཅེས་ལས་ཞེན། སེམས་རྩ་འཁོལ་པོས་ཞབས་ཞུ་སྒྲུབ་པ། དྲང་གཞག་ཡིད་རྟོན། བྱ་སྤྱོད་ཡ་རབས་ལྡན་པ། སློབ་སྦྱོང་བྱ་རྒྱུར་སྣང་ཆེན་བཅས་བྱས་ཏེ་བཅའ་ཁྲིམས་དང་ཀུན་སྤྱོད་ཀྱི་བྱང་ཚད་དང་འདུམ་འགྲིག་བྱེད་ནུས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
དོན་ཚན་ཉེར་གསུམ་པ། ཆེད་བསྐོས་མི་དམངས་འདུམ་འགྲིག་པ་ཞེས་པ་ནི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་གདན་ཞུས་བྱས་པ་བརྒྱུད་ཆེད་མངག་མི་དམངས་འདུམ་འགྲིག་གི་ལས་དོན་སྤེལ་མཁན་ལ་ཟེར།
རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་རྒྱབ་སྐྱོར་བྱས་ནས་ཆེད་བསྐོས་མི་དམངས་འདུམ་འགྲིག་པ་ངེས་ཅན་ཞིག་བཀོད་སྒྲིག་བྱས་ཏེ་མི་དམངས་འདུམ་འགྲིག་ལས་དོན་གྱི་དགོས་མཁོ་བསྐོང་ཐུབ་པ་བྱེད་དགོས།
དོན་ཚན་ཉེར་བཞི་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་མི་དམངས་འདུམ་འགྲིག་པའི་དཔུང་ཁག་གི་གྲུབ་ཆ་ལེགས་སུ་བཏང་སྟེ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། ཁྲིམས་ལུགས་ལས་བྱ། སྨན་པ། དགེ་རྒན་སོགས་སྤྱི་ཚོགས་ཀྱི་ཆེད་ལས་མི་སྣ་དང་དེ་བཞིན་གཉིས་ལྡན་དུད་སྦྲེལ་གྱི་འཐུས་མི་དང་། སྤྱོད་གྲགས་གཉིས་ལྡན་གྱི་མི་སྣ་སོགས་མི་དམངས་འདུམ་འགྲིག་པའི་ནང་བསྡུ་འཇུག་བྱ་རྒྱུར་སྣང་ཆེན་བྱེད་དགོས།
དོན་ཚན་ཉེར་ལྔ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་རྩོད་གཞི་འདུམ་འགྲིག་བྱ་རྒྱུའི་དགོས་མཁོར་གཞིགས་ཏེ་འབྲེལ་ཡོད་ལས་རིགས་གཙོ་འགན་སྡེ་ཚན་དང་མཉམ་དུ་མི་དམངས་འདུམ་འགྲིག་གི་བློ་འདྲི་བྱ་ཡུལ་རིགས་གཅིག་མཁས་པའི་མིང་མཛོད་བཙུགས་ནས་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་དཀའ་དོགས་རྙོག་གསུམ་གྱི་རྩོད་གཞི་འདུམ་འགྲིག་བྱ་རྒྱུར་ཆེད་ལས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་དགོས།
ལེའུ་བཞི་པ། འདུམ་འགྲིག་གི་གོ་རིམ།
དོན་ཚན་ཉེར་དྲུག་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་འདྲ་མཉམ་ཐོག་བྱེད་པོའི་རང་བྱུང་མི་དང་། ཁྲིམས་ཚན་དང་ཁྲིམས་ཚན་མ་ཡིན་པའི་རྩ་འཛུགས་བཅས་ཀྱི་དབར། མི་ལུས་ཀྱི་ཁེ་དབང་དང་རྒྱུ་ནོར་གྱི་ཁེ་དབང་། དེ་བཞིན་ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་བཅས་དང་འབྲེལ་བའི་དམངས་ཁྲོད་རྩོད་གཞི་འདུམ་འགྲིག་བྱེད་དགོས།
དོན་ཚན་ཉེར་བདུན་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་གཤམ་གསལ་གྱི་རྩོད་གཞིའི་རིགས་འདུམ་འགྲིག་བྱས་མི་ཆོག་པ་སྟེ།
(གཅིག)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཆེད་དོན་ལས་ཁུངས་ཀྱིས་གཏོགས་ཁོངས་ཐག་གཅོད་བྱེད་རིགས་སམ་ཡང་ན་མི་དམངས་འདུམ་འགྲིག་གི་ཐོག་ནས་ཐག་གཅོད་བྱེད་མི་ཆོག་པའི་རིགས་དང་།
(གཉིས)མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་བཅས་སམ་ཡང་ན་སྲིད་འཛིན་ལས་ཁུངས་གཞན་དག་གིས་ཁྲིམས་ལྟར་ཐག་གཅོད་དམ་ཡང་ན་བདག་སྤྲོད་བྱས་ཟིན་པ་མ་ཟད། མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ལ་འདུམ་འགྲིག་བྱ་རྒྱུར་མངག་བཅོལ་བྱས་མེད་པའི་རིགས།
(གསུམ)དོ་བདག་ཕྱོགས་གཅིག་ནས་འདུམ་འགྲིག་བྱེད་འདོད་གཏན་ནས་མེད་པའི་རིགས་བཅས་སོ།
དོན་ཚན་ཉེར་བརྒྱད་པ། དམངས་ཁྲོད་ཀྱི་རྩོད་གཞི་དེ་སྤྱིར་བཏང་བྱས་ན་རྩོད་གཞི་འབྱུང་སའམ་ཡང་ན་རྩོད་གཞིའི་དོ་བདག་གནས་སའི(ཚན་པ)མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་བདག་སྤྲོད་བྱེད་དགོས། མི་དམངས་འདུམ་འགྲིག་རྩ་འཛུགས་གཉིས་ཡན་གྱིས་བདག་སྤྲོད་བྱེད་ཆོག་པའི་དམངས་ཁྲོད་རྩོད་གཞིའི་རིགས། ཐོག་མར་བདག་སྤྲོད་བྱེད་མཁན་འདུམ་འགྲིག་རྩ་འཛུགས་ཀྱིས་འདུམ་འགྲིག་བྱེད་དགོས།
དམིགས་བསལ་ལས་རིགས་དང་ཆེད་ལས་ཁྱབ་ཁོངས་ནང་གི་རྩོད་གཞིའི་རིགས་སྤྱིར་བཏང་བྱས་ན་དེ་མཚུངས་ཀྱི་ལས་རིགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་བདག་སྤྲོད་བྱེད་དགོས།
གྲོང་ཚོ(ཡུལ་མི)ཨུ་ཡོན་ལྷན་ཁང་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་འདུམ་འགྲིག་བྱེད་ཁག་པའི་དཀའ་དོགས་རྙོག་གསུམ་གྱི་དམངས་ཁྲོད་རྩོད་གཞིའི་རིགས་ཤང་གྲོང་རྡལ(ཁྲོམ་གཞུང་)མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་ནས་འདུམ་འགྲིག་བྱ་རྒྱུ་དང་། ཡང་ན་འབྲེལ་ཡོད་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་འདུམ་འགྲིག་བྱས་ན་ཆོག
མི་དམངས་འདུམ་འགྲིག་ལྟེ་གནས་ཀྱིས་སོ་སོའི་སྲིད་འཛིན་ས་ཁོངས་ཀྱི་དཀའ་དོགས་རྙོག་གསུམ་གྱི་ཚབས་ཆེའི་དམངས་ཁྲོད་རྩོད་གཞི་དང་། ས་ཁོངས་བརྒལ་བ་དང་ལས་རིགས་བརྒལ་བའི་ཆེད་ལས་ཁྱབ་ཁོངས་ཀྱི་དམངས་ཁྲོད་རྩོད་གཞི། དེ་བཞིན་ཁེ་ལས(བྱ་གཞག)ཚན་པའི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གིས་འདུམ་འགྲིག་བྱེད་ཁག་པའི་དཀའ་དོགས་རྙོག་གསུམ་གྱི་དམངས་ཁྲོད་རྩོད་གཞིའི་རིགས་འདུམ་འགྲིག་བྱ་རྒྱུ་སྒྲིག་འཛུགས་བྱེད་དགོས། མི་དམངས་ཁྲིམས་ཁང་སོགས་འབྲེལ་ཡོད་ཚན་པས་འདུམ་འགྲིག་བྱ་རྒྱུར་མངག་གཏོང་དང་མངག་བཅོལ་བྱས་པའི་དམངས་ཁྲོད་རྩོད་གཞིའི་རིགས་གཅིག་གྱུར་ཐོག་བདག་སྤྲོད་བྱ་རྒྱུ་མ་ཟད། འདུམ་འགྲིག་བྱ་རྒྱུའི་སྒྲིག་འཛུགས་བྱེད་དགོས།
དོན་ཚན་ཉེར་དགུ་པ། དོ་བདག་གིས་མི་དམངས་འདུམ་འགྲིག་རྩ་འཛུགས་ལ་འདུམ་འགྲིག་བྱ་རྒྱུའི་རེ་འདུན་ཞུས་ཆོག་ལ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་རང་འགུལ་ངང་འདུམ་འགྲིག་བྱས་ཀྱང་ཆོག
དོན་ཚན་སུམ་ཅུ་པ། མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས་སམ་ཡང་ན་སྲིད་འཛིན་ལས་ཁུངས་གཞན་དག་བཅས་ཀྱིས་མི་དམངས་འདུམ་འགྲིག་བྱེད་སྟངས་ཐོག་ནས་ཐག་གཅོད་བྱེད་འཚམ་པོ་འདུག་སྙམ་པའི་རྩོད་གཞིའི་རིགས། བདག་སྤྲོད་མ་བྱས་གོང་དོ་བདག་ལ་མི་དམངས་འདུམ་འགྲིག་རྩ་འཛུགས་ནས་འདུམ་འགྲིག་བྱེད་རེ་ཞུ་དགོས་པའི་གསལ་བརྡ་གཏོང་ཆོག་ལ། བདག་སྤྲོད་བྱས་རྗེས་ཡིག་ཐོག་ནས་མི་དམངས་འདུམ་འགྲིག་རྩ་འཛུགས་ལ་འདུམ་འགྲིག་བྱ་རྒྱུའི་མངག་བཅོལ་བྱས་ཀྱང་ཆོག འོན་ཀྱང་དོ་བདག་གི་མོས་མཐུན་ཐོབ་དགོས།
དམངས་ཁྲོད་རྩོད་གཞི་འདུམ་འགྲིག་བྱ་རྒྱུ་མངག་གཏོང་ངམ་ཡང་ན་མངག་བཅོལ་བྱས་རིགས་དང་ལེན་བྱས་ཚེ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་འཕྲལ་མར་མངག་གཏོང་ངམ་ཡང་ན་མངག་བཅོལ་བྱེད་མཁན་ལས་ཁུངས་ལ་འདུམ་འགྲིག་བྱས་ཚུལ་གསལ་པོ་ཤོད་དགོས།
དོན་ཚན་སོ་གཅིག་པ། དོ་བདག་གིས་དམངས་ཁྲོད་རྩོད་གཞི་འདུམ་འགྲིག་བྱ་རྒྱུའི་རེ་འདུན་ཞུ་སྐབས། ཡིག་ཐོག་ནས་ཞུས་ན་འགྲིག་ལ་ངག་ཐོག་ནས་ཀྱང་ཞུས་ན་འགྲིག
དོ་བདག་གིས་ཡིག་ཐོག་ནས་རེ་འདུན་ཞུས་ཚེ། ངེས་པར་དུ་མི་དམངས་འདུམ་འགྲིག་རེ་ཞུའི་ཡི་གེ་འབྲི་དགོས་པ་དང་། དོ་བདག་གིས་ངག་ཐོག་ནས་རེ་ཞུ་བྱས་པའམ་ཡང་ན་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་རང་འགུལ་ངང་བདག་སྤྲོད་བྱས་ཚེ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་མི་དམངས་འདུམ་འགྲིག་བདག་སྤྲོད་ཀྱི་ཐོ་འགོད་རེའུ་མིག་འབྲི་དགོས།
དོན་ཚན་སོ་གཉིས་པ། བདག་སྤྲོད་ཀྱི་ཆ་རྐྱེན་དང་འཚམ་པའི་དམངས་ཁྲོད་རྩོད་གཞིའི་རིགས་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་འཕྲལ་མར་བདག་སྤྲོད་བྱས་ནས་ཐོ་འགོད་བྱེད་དགོས་པ་དང་། དཀའ་དོགས་རྙོག་གསུམ་དང་། དེ་བཞིན་འབྲེལ་ཡོད་ཚན་པས་འདུམ་འགྲིག་བྱ་རྒྱུར་མངག་གཏོང་ངམ་ཡང་ན་མངག་བཅོལ་བྱས་རིགས་དང་ལེན་བྱས་པའི་རྩོད་གཞིའི་རིགས་ངེས་པར་དུ་ལས་ཀའི་ཉིན་གྲངས་གསུམ་གྱི་ནང་ཚུན་དུ་བདག་སྤྲོད་བྱེད་མིན་གཏན་འཁེལ་བྱེད་དགོས་པ་མ་ཟད། དོ་བདག་དང་འདུམ་འགྲིག་མངག་གཏོང་ངམ་ཡང་ན་མངག་བཅོལ་བྱེད་མཁན་སྡེ་ཚན་ལ་གསལ་པོ་ཤོད་དགོས།
བདག་སྤྲོད་ཀྱི་ཆ་རྐྱེན་མ་ཚང་བའི་རྩོད་གཞིའི་རིགས་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་དོ་བདག་ལ་རྒྱུ་མཚན་གསལ་བཤད་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་ཐབས་ལམ་གཞན་དག་བརྒྱུད་དེ་ཐག་གཅོད་བྱ་རྒྱུ་གསལ་པོ་ཤོད་དགོས། རྩོད་གཞི་ཚབས་ཆེ་རུ་འགྲོ་ཉེན་ཡོད་པ་ཤེས་ཚེ་ངེས་པར་དུ་དམིགས་སའི་རང་བཞིན་གྱི་སྔོན་འགོག་བྱ་ཐབས་སྤྱོད་དགོས་པ་མ་ཟད། དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་འབུལ་དགོས།
དོན་ཚན་སོ་གསུམ་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་འདུམ་འགྲིག་མ་བྱས་གོང་ངེས་པར་དུ་དོ་བདག་གི་མིང་ཐོབ་ལ་ཞིབ་དཔྱད་བྱེད་དགོས་པ་དང་། དོ་བདག་ལ་མི་དམངས་འདུམ་འགྲིག་གི་ངོ་བོ་དང་། རྩ་དོན། ནུས་པ་བཅས་དང་། འདུམ་འགྲིག་བྱེད་སྒོའི་ཁྲོད་ཀྱི་དོ་བདག་གི་དབང་ཆ་དང་འོས་འགན་གང་ཡིན་གསལ་པོ་ཤོད་དགོས།
དོ་བདག་གིས་ངོ་ཚབ་པ་མངག་བཅོལ་བྱས་ཚེ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་འདུམ་འགྲིག་མ་བྱས་གོང་ངེས་པར་དུ་ངོ་ཚབ་ཀྱི་དབང་ཚད་ལ་ཞིབ་དཔྱད་བྱེད་དགོས་པ་མ་ཟད། ངོས་འཛིན་གཏན་འཁེལ་བྱེད་དགོས།
དོན་ཚན་སོ་བཞི་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་རྩོད་གཞི་འདུམ་འགྲིག་གི་དགོས་མཁོར་གཞིགས་ཏེ། མི་དམངས་འདུམ་འགྲིག་པ་གཅིག་གམ་ཡང་ན་འགའ་ཞིག་གཏན་འཁེལ་བྱས་ནས་འདུམ་འགྲིག་བྱས་ན་འགྲིག་ལ། དོ་བདག་གིས་མི་དམངས་འདུམ་འགྲིག་པ་གཅིག་གམ་ཡང་ན་འགའ་ཞིག་བདམས་ནས་འདུམ་འགྲིག་བྱས་ཀྱང་ཆོག
མི་དམངས་འདུམ་འགྲིག་པ་འགའ་ཞིག་གིས་འདུམ་འགྲིག་བྱེད་དགོས་པ་ཡིན་ཚེ། ངེས་པར་དུ་མི་དམངས་འདུམ་འགྲིག་པ་གཅིག་གཏན་འཁེལ་བྱས་ནས་འདུམ་འགྲིག་གཙོ་སྐྱོང་བྱེད་དགོས།
དོན་ཚན་སོ་ལྔ་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་དམངས་ཁྲོད་རྩོད་གཞི་འདུམ་འགྲིག་བྱེད་སྐབས། དོ་བདག་ངེས་པར་དུ་ས་ཡུལ་དངོས་སུ་ཡོང་དགོས། དོ་བདག་ལ་རྒྱུ་མཚན་ལུགས་མཐུན་མེད་པའི་དབང་གིས་ས་ཡུལ་དངོས་སུ་ཡོང་ཐབས་གཏན་ནས་མེད་ཚེ། བརྙན་ལམ་དང་དྲ་ལམ། ཁ་པར་སོགས་བརྒྱུད་ནས་འདུམ་འགྲིག་བྱས་ན་འགྲིག
རྩོད་གཞིའི་ཕྱོགས་གཅིག་གི་དོ་བདག་མི་གྲངས་མང་ཙམ་ཡོད་ཚེ། ངེས་པར་དུ་དོ་བདག་ལྔ་མན་གྱི་འཐུས་ཚབ་འོས་འདེམས་བྱས་ཏེ་འདུམ་འགྲིག་ནང་ཞུགས་དགོས་པ་མ་ཟད། དེའི་ནང་ནས་འཐུས་ཚབ་པ་གཙོ་བོ་གཅིག་གཏན་འཁེལ་བྱེད་དགོས།
དོན་ཚན་སོ་དྲུག་པ། འདུམ་འགྲིག་གི་དགོས་མཁོར་གཞིགས་ཏེ། དོ་བདག་གི་མོས་མཐུན་ཐོབ་པ་བརྒྱུད། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་དོ་བདག་གི་གཉེན་ཉེ་དང་། ཁྱིམ་མཚེས། ལས་རོགས་སོགས་འདུམ་འགྲིག་ནང་ཞུགས་པར་གདན་ཞུ་བྱས་ན་འགྲིག་ལ། ཆེད་དམིགས་ཤེས་བྱ་དང་དམིགས་བསལ་གྱི་ཉམས་མྱོང་ཡོད་པའི་མི་སྣའམ་ཡང་ན་སྤྱི་ཚོགས་རྩ་འཛུགས་ཀྱི་འབྲེལ་ཡོད་མི་སྣ་འདུམ་འགྲིག་ནང་ཞུགས་རྒྱུར་གདན་ཞུ་བྱས་ནའང་འགྲིག
འདུམ་འགྲིག་གི་དགོས་མཁོར་གཞིགས་ནས་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ཆེད་ལས་མཁས་དབང་ལ་བློ་འདྲི་ཞུས་ན་འགྲིག
གསལ་འབྱེད་ཀྱི་ཐོག་ནས་འགན་འཁྲི་གསལ་པོ་བཟོ་དགོས་པ་ཡིན་ཚེ། དོ་བདག་གིས་གསལ་འབྱེད་བྱེད་རེ་ཞུས་ན་འགྲིག
དོན་ཚན་སོ་བདུན་པ། མི་དམངས་འདུམ་འགྲིག་རྩ་འཛུགས་དང་མི་དམངས་འདུམ་འགྲིག་པས་ངེས་པར་དུ་དོ་བདག་མི་སྒེར་གྱི་གསང་དོན་ནམ་ཡང་ན་ཚོང་ལས་ཀྱི་གསང་བ་ཡག་པོ་སྲུང་དགོས།
དོ་བདག་གི་མོས་མཐུན་མེད་པར། ཡོངས་བསྒྲགས་སུ་འདུམ་འགྲིག་བྱེད་མི་ཆོག་པ་དང་། འདུམ་འགྲིག་གྲོས་མཐུན་གྱི་ནང་དོན་ཡོངས་བསྒྲགས་བྱེད་མི་ཆོག
དོན་ཚན་སོ་བརྒྱད་པ། རྩོད་གཞི་འདུམ་འགྲིག་བྱེད་པར་སྤྱིར་ན་གཤམ་གསལ་གྱི་གོ་རིམ་བརྒྱུད་དགོས་པ་སྟེ།
(གཅིག)དོ་བདག་ལ་འདུམ་འགྲིག་བྱེད་ལུགས་གསལ་པོ་ཤོད་དགོས་པ་དང་།
(གཉིས)དོ་བདག་གི་གསལ་ཞུ་གང་ལེགས་ཉན་དགོས་པ།
(གསུམ)དོ་བདག་ལ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཅས་གསལ་འགྲེལ་བྱེད་དགོས་པ།
(བཞི)དགོས་མཁོར་གཞིགས་ཏེ་འབྲེལ་ཡོད་ཕྱོགས་ཀྱི་གནས་ཚུལ་འདྲི་རྩད་དམ་ཡང་ན་བདེན་མིན་ཞིབ་དཔྱད་བྱེད་དགོས་པ།
(ལྔ)དོ་བདག་གིས་འདྲ་མཉམ་ཐོག་གྲོས་མོལ་དང་། ཕན་ཚུན་བསམ་ཤེས་བརྗེ་རེས་བྱེད་པའི་རྨང་གཞིའི་ཐོག རྩོད་གཞི་འདུམ་འགྲིག་གི་ཇུས་གཞི་བཟོས་ཏེ། དོ་བདག་གིས་རང་མོས་ངང་འདུམ་འགྲིག་གྲོས་མཐུན་འཇོག་རྒྱུར་རོགས་རམ་བྱེད་དགོས་པ་བཅས་སོ།
དོན་ཚན་སོ་དགུ་པ། མི་དམངས་འདུམ་འགྲིག་གི་བྱེད་སྒོའི་ཁྲོད་དོ་བདག་ལ་གཤམ་གསལ་དབང་ཆ་ཁག་སྤྱོད་རྒྱུ་ཡོད་པ་སྟེ།
(གཅིག)མི་དམངས་འདུམ་འགྲིག་པ་འདེམས་པའམ་ཡང་ན་དང་ལེན་བྱེད་པ་དང་།
(གཉིས)འདུམ་འགྲིག་དང་ལེན་བྱེད་པ་དང་། འདུམ་འགྲིག་མི་བྱེད་པའམ་ཡང་ན་མཚམས་འཇོག་བྱ་རྒྱུའི་རེ་བ་འདོན་པ།
(གསུམ)འདུམ་འགྲིག་ཡོངས་བསྒྲགས་བྱེད་པའམ་ཡང་ན་མི་བྱེད་རྒྱུའི་རེ་བ་འདོན་པ།
(བཞི)རང་ངོས་ཀྱི་བསམ་འདུན་མཚོན་པར་བྱེད་པ་དང་། རང་མོས་ངང་འདུམ་འགྲིག་གྲོས་མཐུན་འཇོག་པ།
(ལྔ)ངོ་ཚབ་པ་འདུམ་འགྲིག་ནང་ཞུགས་རྒྱུའི་མངག་བཅོལ་བྱེད་པ།
(དྲུག)འབྲེལ་ཡོད་འདུམ་འགྲིག་པ་ཟུར་གཡོལ་བྱ་རྒྱུའི་རེ་བ་འདོན་པ་བཅས་སོ།
དོན་ཚན་བཞི་བཅུ་པ། མི་དམངས་འདུམ་འགྲིག་གི་བྱེད་སྒོའི་ཁྲོད་དོ་བདག་གིས་གཤམ་གསལ་འོས་འགན་ཁག་སྒྲུབ་དགོས་པ་སྟེ།
(གཅིག)རྩོད་གཞིའི་དོན་དངོས་ཇི་མ་ཇི་བཞིན་གསལ་ཞུ་བྱེད་དགོས་པ་དང་།
(གཉིས)འདུམ་འགྲིག་བྱེད་སའི་སྒྲིག་ལམ་ལ་བརྩི་སྲུང་དང་། མི་དམངས་འདུམ་འགྲིག་པར་བརྩི་འཇོག་བྱེད་དགོས་པ།
(གསུམ)ཕར་ཕྱོགས་དོ་བདག་གིས་ཁེ་དབང་སྤྱོད་པར་བརྩི་འཇོག་བྱེད་དགོས་པ་བཅས་སོ།
དོན་ཚན་ཞེ་གཅིག་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་དམངས་ཁྲོད་རྩོད་གཞི་འདུམ་འགྲིག་བྱེད་སྐབས་སྤྱིར་ན་ངེས་པར་དུ་བདག་སྤྲོད་བྱས་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་དུ་འདུམ་འགྲིག་བྱས་ཚར་བ་བྱེད་དགོས། དམིགས་བསལ་གནས་ཚུལ་གྱི་རྐྱེན་པས་ནར་འགྱངས་གཏོང་དགོས་ཚེ། མི་དམངས་འདུམ་འགྲིག་པ་དང་དོ་བདག་གཉིས་དབར་འདུམ་འགྲིག་གི་དུས་ཚད་ནར་འགྱངས་གཏོང་རྒྱུའི་ཁ་ཆད་བྱས་ན་འགྲིག
དོན་ཚན་ཞེ་གཉིས་པ། གཤམ་གསལ་གྱི་གནས་ཚུལ་གྲས་ཤིག་ཡོད་ཚེ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་འདུམ་འགྲིག་བྱེད་མཚམས་འཇོག་དགོས་པ་མ་ཟད། དོ་བདག་ལ་གསལ་པོ་ཤོད་དགོས་པ་སྟེ།
(གཅིག)འདུམ་འགྲིག་བྱས་པ་བརྒྱུད་འདུམ་འགྲིག་གྲོས་མཐུན་འཇོག་ཐབས་མེད་པ་དང་།
(གཉིས)དོ་བདག་གིས་འདུམ་འགྲིག་དང་ལེན་མི་བྱེད་པ།
(གསུམ)རྩོད་གཞིའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་ནས་མུ་མཐུད་འདུམ་འགྲིག་གི་བྱ་ཐབས་སྤྱད་དེ་ཐག་གཅོད་བྱེད་མི་འཚམ་པ།
(བཞི)དོ་བདག་གམ་ཡང་ན་མངག་བཅོལ་བྱས་པའི་ངོ་ཚབ་པས་འདུམ་འགྲིག་བྱེད་སའི་སྒྲིག་ལམ་ལ་བརྩི་སྲུང་མི་ཞུ་བ།
(ལྔ)ངེས་པར་དུ་འདུམ་འགྲིག་བྱེད་མཚམས་འཇོག་དགོས་པའི་གནས་ཚུལ་གཞན་དག་བཅས་སོ།
དོན་ཚན་ཞེ་གསུམ་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་རྩོད་གཞི་འདུམ་འགྲིག་བྱེད་སྐབས་ངེས་པར་དུ་འདུམ་འགྲིག་བྱས་པའི་གནས་ཚུལ་ཐོ་འགོད་བྱེད་དགོས་པ་མ་ཟད། མི་དམངས་འདུམ་འགྲིག་པ་དང་དོ་བདག་གིས་མིང་རྟགས་དང་ཐམ་ག་འགོད་པའམ་ཡང་ན་མཛུབ་ཐེལ་རྒྱག་དགོས། ངག་ཐོག་ནས་འདུམ་འགྲིག་གྲོས་མཐུན་འཇོག་ཐུབ་པའི་སྟབས་བདེའི་རྩོད་གཞིའི་རིགས་བརྒྱུད་རིམ་ཆ་ཚང་གི་ཟིན་ཐོ་མ་བཀོད་ནའང་འགྲིག འོན་ཀྱང་ངེས་པར་དུ་འདུམ་འགྲིག་གི་དོན་གནད་དང་མཇུག་འབྲས་ཀྱི་ཟིན་ཐོ་འགོད་དགོས་པ་མ་ཟད། མི་དམངས་འདུམ་འགྲིག་པས་མིང་རྟགས་འགོད་དགོས།
ལེའུ་ལྔ་པ། འདུམ་འགྲིག་གྲོས་མཐུན།
དོན་ཚན་ཞེ་བཞི་པ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་འདུམ་འགྲིག་བྱས་པ་བརྒྱུད། འདུམ་འགྲིག་གྲོས་མཐུན་བྱུང་ཚེ། འདུམ་འགྲིག་གྲོས་མཐུན་གྱི་ཡི་གེ་བྲིས་ཆོག འདུམ་འགྲིག་གྲོས་མཐུན་ལ་སྟེར་སྤྲོད་ཀྱི་ནང་དོན་ཡོད་པ་མ་ཟད། དུས་ཐོག་ཏུ་ལག་ལེན་མ་བསྟར་ཚེ། ངེས་པར་འདུམ་འགྲིག་གྲོས་མཐུན་གྱི་ཡི་གེ་འབྲི་དགོས།
དོ་བདག་གིས་འདུམ་འགྲིག་གྲོས་མཐུན་གྱི་ཡི་གེ་འབྲི་རྒྱུའི་དགོས་པ་མེད་པའི་ངོས་འཛིན་བྱས་ཚེ། ངག་ཐོག་ནས་གྲོས་མཐུན་བྱེད་པའི་བྱ་ཐབས་སྤྱད་ན་འགྲིག མི་དམངས་འདུམ་འགྲིག་པས་ངེས་པར་དུ་གྲོས་མཐུན་གྱི་ནང་དོན་ཟིན་བྲིས་འགོད་དགོས།
དོན་ཚན་ཞེ་ལྔ་པ། འདུམ་འགྲིག་གྲོས་མཐུན་གྱི་ཡི་གེའི་ནང་ངེས་པར་དུ་གཤམ་གྱི་དོན་ཚན་ཁག་ཁ་གསལ་འགོད་དགོས་པ་སྟེ།
(གཅིག)དོ་བདག་གི་གཞི་རྩའི་གནས་ཚུལ་དང་། གལ་ཏེ་མངགས་བཅོལ་ངོ་ཚབ་པ་ཡོད་ཚེ། ངེས་པར་དུ་མངགས་བཅོལ་ངོ་ཚབ་པའི་གཞི་རྩའི་གནས་ཚུལ་དང་མངགས་བཅོལ་ངོ་ཚབ་ཀྱི་དབང་ཚད་ཁ་གསལ་འགོད་དགོས་པ།
(གཉིས)རྩོད་གཞིའི་དོན་དངོས་གཙོ་བོ་དང་། རྩོད་གླེང་དོན་དག དེ་བཞིན་དོ་བདག་ཕྱོགས་སོ་སོའི་འགན་འཁྲི་བཅས་ཁ་གསལ་འགོད་དགོས་པ།
(གསུམ)དོ་བདག་དབར་འདུམ་འགྲིག་གྲོས་མཐུན་བྱུང་བའི་ནང་དོན་དང་། ལག་བསྟར་བྱེད་ཐབས། དུས་བཅད་བཅས་ཁ་གསལ་འགོད་དགོས་པ་བཅས་སོ། འདུམ་འགྲིག་གྲོས་མཐུན་བྱེད་སྐབས། རྒྱལ་ཁབ་ཀྱི་ཁེ་ཕན་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ནམ་ཡང་ན་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག་ལ། བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བཙན་ཤེད་རང་བཞིན་གྱི་གཏན་འབེབས་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད། སྤྱི་པའི་སྒྲིག་ལམ་བཅས་ལས་འགལ་མི་ཆོག
དོན་ཚན་ཞེ་དྲུག་པ། འདུམ་འགྲིག་གྲོས་མཐུན་ཡི་གེར་ཕྱོགས་གཉིས་ཀའི་དོ་བདག་གིས་མིང་རྟགས་འགོད་པ་དང་། ཐམ་གའམ་ཡང་ན་མཛུབ་ཐེལ་རྒྱག་དགོས། མི་དམངས་འདུམ་འགྲིག་པས་མིང་རྟགས་འགོད་པ་མ་ཟད། མི་དམངས་འདུམ་འགྲིག་ཨུ་ལྷན་གྱི་ཐམ་ག་བརྒྱབ་ཉིན་ནས་བཟུང་ནུས་པ་ཐོན་ཡོད། འདུམ་འགྲིག་གྲོས་མཐུན་གྱི་ཡི་གེ་དེ་དོ་བདག་ཕྱོགས་གཉིས་པོས་རེ་རེ་ཉར་ཚགས་བྱེད་དགོས་པ་དང་། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་གཅིག་ཉར་ཚགས་བྱེད་དགོས།
ངག་ཐོག་གི་འདུམ་འགྲིག་གྲོས་མཐུན་དེ་ཕྱོགས་གཉིས་ཀའི་དོ་བདག་གིས་གྲོས་མཐུན་བྱས་ཉིན་ནས་བཟུང་ནུས་པ་ཐོན་ཡོད།
དོན་ཚན་ཞེ་བདུན་པ། ཁྲིམས་ལྟར་གྲོས་མཐུན་བྱུང་བའི་མི་དམངས་འདུམ་འགྲིག་གི་གྲོས་མཐུན་ཡི་གེར་བཅའ་ཁྲིམས་ཀྱི་གཅུན་སྡོམ་བྱེད་ཤུགས་ལྡན་ཡོད་པས། དོ་བདག་གིས་ངེས་པར་དུ་གྲོས་མཐུན་གྱི་ཁ་དན་གཞིར་བཟུང་ལག་ལེན་བསྟར་དགོས།
རྒྱུ་མཚན་ལུགས་མཐུན་མེད་པར་འདུམ་འགྲིག་གྲོས་མཐུན་ལག་ལེན་མི་བསྟར་བའམ་ཡང་ན་ལག་བསྟར་ཡག་པོ་མི་བྱེད་པའི་དོ་བདག་ལ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་འདུམ་འགྲིག་གྲོས་མཐུན་ལག་ལེན་བསྟར་རྒྱུར་སྐུལ་མ་གཏོང་དགོས། དོ་བདག་གིས་བཏོན་པའི་གྲོས་མཐུན་ནང་དོན་འོས་ཤིང་འཚམ་པོ་མེད་པའམ་ཡང་ན་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་གྲོས་མཐུན་ནང་དོན་འོས་ཤིང་འཚམ་པོ་མེད་པ་ཤེས་ཚེ། དོ་བདག་ཕྱོགས་གཉིས་ཀའི་མོས་མཐུན་ཐོབ་རྗེས། དེ་སྔའི་གྲོས་མཐུན་ནང་དོན་ལ་འགྱུར་བ་གཏོང་བའམ་ཡང་ན་དེ་སྔའི་གྲོས་མཐུན་མེད་པ་བཟོས་ནས་འདུམ་འགྲིག་གྲོས་མཐུན་གསར་པ་འཇོག་ནའང་འགྲིག
སྐུལ་མ་བཏང་ཡང་སྔར་བཞིན་འདུམ་འགྲིག་གྲོས་མཐུན་ལག་ལེན་མི་བསྟར་ཚེ། མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་ངེས་པར་དུ་དོ་བདག་ལ་འདུམ་འགྲིག་གྲོས་མཐུན་ལག་ལེན་བསྟར་རྒྱུ་དང་། འགྱུར་བ་གཏོང་བའམ་ཡང་ན་མེད་པ་བཟོ་དགོས་མིན་མི་དམངས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཆོག་པའི་གསལ་བཤད་བྱེད་དགོས།
དོན་ཚན་ཞེ་བརྒྱད་པ། ཁྲིམས་ལྟར་འདུམ་འགྲིག་གྲོས་མཐུན་བྱུང་བའི་རྗེས། དོ་བདག་ཕྱོགས་གཉིས་པོས་འདུམ་འགྲིག་གྲོས་མཐུན་ལ་ནུས་པ་ཐོན་ཉིན་ནས་བཟུང་གི་ཉིན་སུམ་ཅུའི་ནང་ཚུན་དུ། འདུམ་འགྲིག་གཙོ་སྐྱོང་བྱེད་མཁན་གྱི་མི་དམངས་འདུམ་འགྲིག་རྩ་འཛུགས་གནས་སའི་གཞི་རིམ་མི་དམངས་ཁྲིམས་ཁང་ངམ་ཡང་ན་མངགས་གཏོང་ཁྲིམས་ཁང་ལ་ཁྲིམས་འཛིན་གྱི་ཐོག་ནས་ངོས་འཛིན་གནང་རོགས་ཞུས་ཆོག མི་དམངས་ཁྲིམས་ཁང་གིས་མི་དམངས་འདུམ་འགྲིག་རྩ་འཛུགས་མངགས་བཅོལ་བྱས་ནས་འདུམ་འགྲིག་བྱེད་རིགས། མངགས་བཅོལ་བྱ་ཡུལ་མི་དམངས་ཁྲིམས་ཁང་ལ་ཁྲིམས་འཛིན་གྱི་ཐོག་ནས་ངོས་འཛིན་གནང་རོགས་ཞུས་ཆོག
ཁྲིམས་འཛིན་གྱི་ཐོག་ནས་ངོས་འཛིན་བྱས་པ་བརྒྱུད་ནུས་པ་ཐོན་པའི་འདུམ་འགྲིག་གྲོས་མཐུན་དེ་དོ་བདག་ཕྱོགས་གཅིག་གིས་ལག་ལེན་མི་བསྟར་བའམ་ཡང་ན་ལག་ལེན་རྩ་བ་ནས་མ་བསྟར་ཚེ། དོ་བདག་ཕྱོགས་གཞན་དེས་མི་དམངས་ཁྲིམས་ཁང་ལ་བཙན་འདོམས་ཀྱིས་ལག་ལེན་བསྟར་རེ་ཞུས་ཆོག
མི་དམངས་ཁྲིམས་ཁང་གིས་འདུམ་འགྲིག་གྲོས་མཐུན་གོ་མི་ཆོད་པར་གཏན་འཁེལ་བྱས་ཚེ། དོ་བདག་གིས་མི་དམངས་འདུམ་འགྲིག་གི་བྱ་ཐབས་སྤྱད་ནས་དེ་སྔའི་འདུམ་འགྲིག་གྲོས་མཐུན་ལ་འགྱུར་བ་གཏོང་བའམ་འདུམ་འགྲིག་གྲོས་མཐུན་གསར་པ་བཞག་ན་འགྲིག ཡང་ན་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ནའང་འགྲིག
མི་དམངས་ཁྲིམས་ཁང་གིས་དུས་ཐོག་ཏུ་འདུམ་འགྲིག་གྲོས་མཐུན་དེ་ཁྲིམས་འཛིན་གྱི་ཐོག་ནས་གཏལ་འཁེལ་བྱུང་ཚུལ་རིམ་མཚུངས་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་ནམ་ཡང་ན་འབྲེལ་ཡོད་ཀྱི་མི་དམངས་འདུམ་འགྲིག་རྩ་འཛུགས་ལ་གསལ་བཤད་བྱེད་དགོས།
ལེའུ་དྲུག་པ། འགན་སྲུང་དང་བྱ་དགའ་ཆད་གཅོད།
དོན་ཚན་ཞེ་དགུ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མི་དམངས་འདུམ་འགྲིག་གི་གྲོན་དངུལ་འགན་སྲུང་ལམ་སྲོལ་འཛུགས་དགོས་པ་དང་། མི་དམངས་འདུམ་འགྲིག་གི་གྲོན་དངུལ་དེ་རིམ་པ་དེ་གའི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ། མི་དམངས་འདུམ་འགྲིག་གི་མཛུབ་ཁྲིད་ལས་ཀའི་གྲོན་དངུལ་དང་། མི་དམངས་འདུམ་འགྲིག་ཨུ་ལྷན་གྱི་ལས་ཀའི་ཁ་གསབ་གྲོན་དངུལ། མི་དམངས་འདུམ་འགྲིག་པའི་ཁ་གསབ་གྲོན་དངུལ། ཆེད་བསྐོས་མི་དམངས་འདུམ་འགྲིག་པ་གདན་ཞུའི་གྲོན་དངུལ་སོགས་དོན་འཁྱོལ་བྱེད་དགོས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་འཕེལ་ཆུ་ཚད་དང་འབྱོར་སྟོབས་ལ་གཞིགས་ཏེ། ཆེད་བསྐོས་མི་དམངས་འདུམ་འགྲིག་པ་གདན་ཞུའི་གྲོན་དངུལ་གྱི་འགྱུར་ལྡན་འཕར་སྣོན་ལམ་སྲོལ་འཛུགས་དགོས།
ཚན་པའམ་མི་སྒེར་གང་རུང་གིས་མི་དམངས་འདུམ་འགྲིག་གི་གྲོན་དངུལ་བཀག་ཉར་དང་། ཧམ་བཟུང་། སྒེར་སྤྱོད་བཅས་བྱས་མི་ཆོག
དོན་ཚན་ལྔ་བཅུ་པ། མི་དམངས་འདུམ་འགྲིག་གི་གྱོད་དོན་ཁ་གསབ་གྲོན་དངུལ་དག རྩོད་གཞི་འདུམ་འགྲིག་བྱེད་པའི་ཁ་གྲངས་དང་། སྤུས་ཚད། དཀའ་སླའི་ཚད། དེ་བཞིན་སྤྱི་ཚོགས་ཐོག་ཤུགས་རྐྱེན་ཐེབས་ཚད་སོགས་ཀྱི་གནས་ཚུལ་ལ་བལྟས་ནས། “གྱོད་གཞིར་གཞིགས་ནས་ཁ་གསབ་གཏན་འཁེལ་དང་། བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི”བྱ་ཐབས་སྤྱད་དེ་སྤྲོད་དགོས།
ལས་ཐོག་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས་མི་དམངས་འདུམ་འགྲིག་པའི་ཁ་གསབ་གྲོན་དངུལ་བླངས་མི་ཆོག
དོན་ཚན་ང་གཅིག་པ། མི་དམངས་འདུམ་འགྲིག་ཨུ་ལྷན་དུ་བཙུགས་པའི་ཚན་པ་དང་། ལས་སྒོའི་གཙོ་གཉེར་སྡེ་ཚན། དེ་བཞིན་ཁྲིམས་ཁང་དང་། སྤྱི་བདེ། ཡིག་འབུལ་ཞུ་བཅར་སོགས་ཀྱི་བཅའ་སྡོད་ཚན་པས། ངེས་པར་དུ་མི་དམངས་འདུམ་འགྲིག་པས་ལས་དོན་སྤེལ་རྒྱུར་གཞུང་ལས་ཁང་དང་། སྒྲིག་བཀོད། དེ་བཞིན་དགོས་ངེས་ཀྱི་ལས་ཀའི་ཆ་རྐྱེན་བཅས་མཁོ་འདོན་བྱེད་དགོས།
མི་དམངས་འདུམ་འགྲིག་ཨུ་ལྷན་དུ་བཙུགས་པའི་ཚན་པ་དང་མི་དམངས་འདུམ་འགྲིག་པའི་མཐུན་ཚོགས་ཀྱིས། མི་དམངས་འདུམ་འགྲིག་པར་ལུས་ཁམས་ཀྱི་བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་བཅོལ་སོགས་ཉོ་སྒྲུབ་བྱེད་པར་སྐུལ་མ་གཏོང་དགོས།
དོན་ཚན་ང་གཉིས་པ། མི་དམངས་འདུམ་འགྲིག་པས་ཁྲིམས་ལྟར་དམངས་ཁྲོད་ཀྱི་རྩོད་གཞི་འདུམ་འགྲིག་བྱེད་སྐབས། ཁྲིམས་དང་མི་མཐུན་པའི་བཀག་འགོག་བྱེད་པ་དང་རྡུང་རྡེག་གཏོང་བ། ཡང་ན་འཁོན་ལན་བསློགས་ནས་མི་ལུས་བདེ་འཇགས་ལ་ཉེན་ཁ་བཟོས་ཚེ། སྤྱི་བདེ་དང་ཁྲིམས་འཛིན་སྲིད་འཛིན་སོགས་སྡེ་ཚན་གྱིས་ངེས་པར་དུ་བྱ་ཐབས་སྤྱད་ནས་སྲུང་སྐྱོབ་བྱེད་དགོས།
མི་དམངས་འདུམ་འགྲིག་པས་འདུམ་འགྲིག་ལས་དོན་སྒྲུབ་པའི་རྐྱེན་གྱིས་རྨས་སྐྱོན་ཕོག་པའམ་ཡང་ན་དབང་པོ་སྐྱོན་ཅན་ཆགས་ནས་འཚོ་བར་དཀའ་ངལ་འཕྲད་ཚེ། ས་ཆ་དེ་གའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། དགོས་ངེས་ཀྱི་སྨན་བཅོས་དང་འཚོ་བའི་ཐད་རོགས་སྐྱོར་བྱེད་དགོས། མི་དམངས་འདུམ་འགྲིག་གི་ལས་གནས་ཐོག་རང་སྲོག་བློས་གཏོང་མཁན་མི་དམངས་འདུམ་འགྲིག་པ་དང་། དེའི་བཟའ་ཟླ། བུ་ཕྲུག་བཅས་ལ་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་འཆི་གོད་གུན་གསབ་དང་གཟིགས་སྐྱོང་བྱེད་དགོས།
དོན་ཚན་ང་གསུམ་པ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་མི་དམངས་འདུམ་འགྲིག་རྩ་འཛུགས་དང་མི་དམངས་འདུམ་འགྲིག་པའི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཛུགས་དགོས།
ལེགས་སྐྱེས་མངོན་གསལ་འབུལ་མཁན་མི་དམངས་འདུམ་འགྲིག་རྩ་འཛུགས་དང་མི་དམངས་འདུམ་འགྲིག་པར། རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།
དོན་ཚན་ང་བཞི་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། གཤམ་གསལ་གྱི་གནད་དོན་གྲས་ཤིག་ཡོད་ཚེ། རྫོང་རིམ་ཡན་མི་དམངས་སྲིད་གཞུང་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་དགོས།
(གཅིག)མི་དམངས་འདུམ་འགྲིག་གི་རྩ་འཛུགས་འཛུགས་རྒྱུ་དང་འགྱུར་བ་གཏོང་རྒྱུ་་གཏན་འབེབས་དང་མི་མཐུན་པའི་རིགས།
(གཉིས)མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱི་མིང་དང་། སྒོ་བྱང་མཚོན་རྟགས་སམ་ཡང་ན་ཐམ་ག་བཅས་གཏན་འབེབས་དང་མི་མཐུན་པའི་རིགས།
(གསུམ)མི་དམངས་འདུམ་འགྲིག་པ་གདན་ཞུ་དང་། གདན་ཞུ་མཚམས་འཇོག དེ་བཞིན་གནས་དབྱུང་གཏོང་བ་བཅས་གཏན་འབེབས་དང་མི་མཐུན་པའི་རིགས་བཅས་སོ།
དོན་ཚན་ང་ལྔ་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་ཏེ། མི་དམངས་འདུམ་འགྲིག་པས་འདུམ་འགྲིག་བྱེད་པའི་ལས་དོན་སྤེལ་སྐབས་གཤམ་གསལ་གྱི་བྱ་སྤྱོད་རིགས་ཤིག་ཡོད་ཚེ། དེ་གནས་སའི་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་སྐྱོན་བརྗོད་དང་སློབ་གསོ་རྒྱག་དགོས་ལ། ཡོ་བསྲང་བྱེད་དུ་འཇུག་དགོས། གནས་ཚུལ་ཚབས་ཆེ་བར། འོས་སྦྱོར་བྱེད་མཁན་ནམ་གདན་བསྐོའི་ཚན་པས་གནས་དབྱུང་གཏོང་བའམ་ཡང་ན་གདན་ཞུ་མཚམས་འཇོག་བྱེད་དགོས།
(གཅིག)དོ་བདག་ཕྱོགས་གཅིག་ལ་ཕྱོགས་ཞེན་བྱེད་རིགས།
(གཉིས)དོ་བདག་ལ་བརྙས་བཅོས་དང་། གནོན་སྡོམ། མགོ་སྐོར། འཇིགས་སྐུལ། རྡུང་རྡེག་འཁོན་སློག་བཅས་བྱེད་རིགས།
(གསུམ)རྒྱུ་ནོར་ལེན་པའམ་ཡང་ན་ལུགས་དང་མི་མཐུན་པའི་ཁེ་དབང་ཐོབ་ཐབས་བྱེད་རིགས།
(བཞི)དོ་བདག་མི་སྒེར་གྱི་གསང་བ་དང་ཚོང་ལས་གསང་བ་ཕྱིར་གྱར་རིགས།
(ལྔ)དོ་བདག་གིས་ཁྲིམས་ལྟར་འདུམ་གཅོད་དང་། སྲིད་འཛིན། ཁྲིམས་འཛིན་སོགས་ཀྱི་ཐབས་ལམ་སྤྱད་དེ་ཁེ་དབང་སྲུང་སྐྱོབ་བྱེད་པར་བཀག་འགོག་བྱེད་རིགས།
(དྲུག)དོ་བདག་གི་དཔང་རྟགས་དཔྱད་གཞི་སྦས་སྐུང་དང་མེད་པ་བཟོ་རིགས།
(བདུན)གྲོན་དངུལ་བསྡུ་བའམ་ཡང་ན་ཐབས་བསྒྱུར་གྱི་གྲོན་དངུལ་བསྡུ་རིགས།
(བརྒྱད)འགན་འཁྲི་ལག་བསྟར་ཕྱི་འགྱངས་བྱེད་རིགས་བཅས་སོ།
དོན་ཚན་ང་དྲུག་པ། སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་རིགས་རྫོང་རིམ་ཡན་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣས་མི་དམངས་འདུམ་འགྲིག་གི་ལས་དོན་སྤེལ་བའི་ཁྲོད་འགན་དབང་གང་བྱུང་དུ་སྤྱོད་པ་དང་། རང་འགན་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ཀྱི་རིགས་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས།
ལེའུ་བདུན་པ། ཞར་བྱུང་།
དོན་ཚན་ང་བདུན་པ། སྲོལ་ཡིག་འདི2023ལོའི་ཟླ12ཚེས1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ།
(བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་དོན་གཅོད་ཐིང་ནས་མཁོ་འདོན་བྱས་པ་གཞིར་བཟུང)