དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-27

     ཚེས་25ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་མཛུབ་སྟོན་གལ་ཆེན་དང་། གསུང་བཤད་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་མ་ཟད། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་འབྲེལ་སྲིད་གཞུང་ཁོངས་གཏོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་གསུང་བཤད་གལ་ཆེན་གནང་ནས་དཔལ་འབྱོར་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བ་དེས་ང་ཚོས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པར་མི་སེམས་ལ་ལྕག་སྐུལ་ཐེབས་པ་དང་། དུས་བབ་ལ་དབྱེ་ཞིབ་བྱས་པར་ནང་དོན་གཏིང་ཟབ་ལ་ཁ་གསལ་བ། དམིགས་ཚད་བཏོན་པར་མི་རྣམས་འབད་འབུངས་མདུན་སྐྱོད་ལ་སྐུལ་མ་ཐེབས་པ། ལས་དོན་བཀོད་སྒྲིག་ཏན་ཏིག་དང་ནུས་ལྡན་བཅས་བྱུང་ཡོད། ཚད་གཞི་དང་ཡང་ཡང་བསྡུར་རིང་དོན་འཁྱོལ་གནད་སྨིན་བྱས་ནས་ཏང་གིས་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་བསམ་བློ་དང་བྱ་སྤྱོད་ཚོགས་འདུའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་དང་། ལྗོངས་ཏང་ཨུད་ཀྱིས་མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་འཛིན་པའི་འཐབ་ཇུས་ཀྱི་བརྡར་གཅོད་དང་སང་ལོའི་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ལ་སྟངས་འཛིན་མི་འཕྱུགས་པ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ལ་བརྟེན་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་དང་ལས་འགན་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ལྗོངས་ཏང་ཨུད་ཀྱིས་བཀོད་སྒྲིག་བྱས་པའི་ཕྱོགས་དགུའི་ཐད་ཀྱི་གཙོ་གནད་ལས་དོན་ཇི་མ་ཇི་བཞིན་དོན་འཁྱོལ་གནད་སྨིན་ཡོང་བ་དང་། བྱ་སྤྱོད་ངོ་མར་བརྟེན་ནས་ལྷག་བསམ་རྣམ་དག་གིས“གཏན་འཁེལ་གཉིས”སྲུང་བ་དང་། ལྷག་བསམ་རྣམ་དག་གིས“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས་པ་དང་། རང་འགན་ཐེག་པ་ཁུར་ལེན་ཁྲོད་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པ་དང་། ཡིད་ཆེས་དང་གདེང་ཚོད་བརྟན་དུ་གཏོང་བ། རིག་པ་དྭངས་གསལ་དང་ངེས་ཤུགས་རྒྱུན་འཁྱོངས་བཅས་བྱས་ནས་འཕར་གཞི་བརྟན་པོ་དང་། བྱ་ཐབས་སྒྱུར་བ། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་སྤྱི་འདོམས་ཡག་པོ་སྒྲུབ་དགོས། “མདུན་སྐྱོད”དང“རང་ཚུགས”ཐད་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། ཚད་བརྒལ་དེ་བས་ཆེ་བ་ཡོང་བར་བྱས་ཏེ་སང་ལོའི་དཔལ་འབྱོར་ལ“འགོ་འཛུགས་མ་ཐག་གྲུབ་འབྲས་ཐོབ་པ”མངོན་འགྱུར་ཧུར་ཐག་བྱས་ནས་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས་ཞེས་གསུངས།

    ཡན་ཅིན་ཧའེ་ཡིས། ཚན་རྩལ་གྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ཏེ། ཞིང་འབྲོག་ལས་སོགས་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་སྒྱུར་བཀོད་དང་ཐོན་རྫས་རིམ་སྤོར་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་རྒྱུ་གཙང་མ་དང་མཐོ་གསར་གྲངས་འཛིན། རྒྱུན་སྤྱོད་མཁའ་འགྲུལ་སོགས་གཙོ་གནད་ཐོན་ལས་བཀོད་སྒྲིག་མྱུར་པོ་བྱེད་པ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། བོད་ཀྱི་ལེགས་ཆ་མཚོན་ཐུབ་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་བཀོད་སྒྲིག་ལ་གཞོགས་འདེགས་ཧུར་ཐག་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ། ཕྱི་ཕྱོགས་སྒོ་དབྱེའི་སྲིད་ཇུས་སྦབ་ཆ་གཅིག་དོན་འཁྱོལ་བྱེད་པ། རྒྱལ་སྤྱིའི་ཚོང་དོན་གྱི“སྐར་ཁུང་རྐྱང་པའི”བོད་ཀྱི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་གཏོང་བ་བཅས་བྱས་ནས། རང་བྱུང་འཐུང་ཆུ་དང་། ནས། བོད་སྨན་སོགས་ཁྱད་ལྡན་ཐོན་རྫས་བློ་ཁོག་ཆེན་པོས་ཕྱིར་ཚོང་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་དགོས། གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། སེལ་བ་བཅས་ལ་དམ་འཛིན་བྱས་ཏེ་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་། མ་བྱུང་སྔོན་འགོག་གཙོ་བོར་འཛིན་པ་དང་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། སེལ་བ་བཅས་ཟུང་དུ་འབྲེལ་བ་མཐའ་འཁྱོངས་བྱས་ཏེ་ཕན་འབྲས་ཆེ་ལ་ཚན་རིག་དང་མཐུན་པའི་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་མ་ལག་བསྐྲུན་ནས། སྤྱི་ཚོགས་ཧྲིལ་པོའི་རང་བྱུང་གནོད་འཚེ་འགོག་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།