དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱས་ནས་གདེང་ཚོད་བརྟན་པོ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-25

    ཟླ་12ཚེས་22ཉིན་དང་ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་དང་གསུང་བཤད་གནང་བཞིན་པ།

    ཟླ་12ཚེས་22ཉིན་དང་ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད། འདི་ནི་ཚོགས་ར་ཡིན་པ།

    ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་བྱས་པའི་སྐོར་གྱི་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་ཞིབ་གནང་བ་དང་། 《བློ་མཐུན་ཝང་ཀང་གི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཨུ་ཡོན་གྱི་གོ་གནས་དགོངས་ཞུར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས》དང་། 《བློ་མཐུན་ཡཱ་ཤཱ་དང་ཤེས་རབ་མཚོ་མོ་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཨུ་ཡོན་ལ་རིམ་གསབ་བྱ་རྒྱུའི་སྐོར་གྱི་གཏན་འབེབས》《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས》བཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ།

    ཟླ་12ཚེས་22ཉིན་དང་ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    ཚང་འཛོམས་གྲོས་ཚོགས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་དང་གསུང་བཤད་གནང་བ། བརྗོད་དོན་གཙོ་བོའི་སློབ་གསོའི་ཀྲུང་དབྱང་གི་མཛུབ་ཁྲིད་ཚོགས་ཆུང་བཅུ་གཉིས་པའི་ཙུའུ་ཀྲང་གཞོན་པ་ཁྲེན་ཆིང་ཚང་ཚོགས་འདུར་ཞུགས་ནས་མཛུབ་ཁྲིད་གནང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། “དོན་ཆེན་བཞིར”སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། སང་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་བཀོད་སྒྲིག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་གདེང་ཚོད་བརྟན་པོ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་སྐུལ་སློང་བཅས་བྱས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་གསུང་བཤད་གལ་ཆེན་གནང་སྐབས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཞི་ཚུགས་ནས། དཔལ་འབྱོར་ལས་དོན་གྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་བས། ང་ཚོས་སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་མ་ཟད། རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོར་གོ་བ་གཏིང་ཟབ་བླངས་ཏེ་དེའི་ཁྲོད་ནས་སྲོག་ཤིང་གི་སྟོབས་ཤུགས་དང་། འགྲོ་ལམ་གྱི་གལ་ཆེའི་རང་བཞིན། བདེན་དོན་གྱི་རླབས་ཆེ་ལུགས་བཅས་ཚོར་ཐུབ་པར་བྱེད་པ་དང་། དུས་རབས་གསར་པར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་གོ་བ་གཏིང་ཟབ་བླངས་ནས་དེ་བས་རང་རྟོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱས་ཏེ་ལས་དོན་ཁག་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཏང་ཀྲུང་དབྱང་གིས་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་ལ་བརྡར་ཤ་གལ་ཆེན་བཅད་པར་གོ་བ་གཏིང་ཟབ་བླངས་ནས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ་རང་ཉིད་ཀྱི་བྱ་བ་ཏན་ཏིག་དང་ཡག་པོ་སྒྲུབ་པ། སང་ལོའི་དཔལ་འབྱོར་ལས་དོན་གྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་བླང་ཕྱོཌ། དམིཌ་ཚད་ལས་འགན་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་གཙོ་གནད་མངོན་གསལ་དོད་པོ་དང་འགག་རྩར་དམ་འཛིན་བྱེད་པ། ཏང་གིས་དཔལ་འབྱོར་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པའི་རྩ་བའི་བླང་བྱར་གོ་བ་གཏིང་ཟབ་བླངས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས། བོད་ལ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ཁ་གསལ་བཏོན་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་གཅིག་གྱུར་དང་ངོས་འཛིན་ཟབ་ཏུ་བཏང་བས། རིམ་ཁག་ལས་བྱེད་པའི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་ལ་སྐུལ་མ་གང་ལེགས་ཐེབས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འཕེལ་རྒྱས་ཡོང་རེ་དང་། འཕེལ་རྒྱས་དོན་གཉེར། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི་བསམ་འདུན་སྔར་བས་ཤུགས་ཆེར་སོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་ལས་དོན་སྒྲུབ་འདོད་པ་དང་། ལས་དོན་སྒྲུབ་ཤེས་པ། ལས་དོན་སྒྲུབ་ཐུབ་པ་བཅས་ཀྱི་རྣམ་པ་སྔར་བས་ཤུགས་ཆེར་སོང་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ང་ཚོས་ངེས་པར་དུ“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་སྤྱི་འདོམས་སྐུལ་འདེད་མཐའ་འཁྱོངས་བཏང་ནས་ཤུགས་མཉམ་དུ་རྒྱག་པ་དང་ཕན་ཚུན་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས་པ་དང་། ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་འགུལ་བཟང་པོ་མཐའ་འཁྱོངས་བྱས་ནས། བརྟན་ལྷིང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་འཛིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལྡོག་མེད་ཀྱི་གནས་ལུགས་སུ་བརྩིས་ནས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་འབྲེལ་བར་སྤྱི་འདོམས་ཐག་གཅོད་ཡག་པོ་བྱེད་དགོས་པ། ངེས་པར་དུ་འདུ་ཤེས་འཛིན་སྟངས་ལེགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་མཐའ་འཁྱོངས་དང་། རང་འགུལ་ངང་དུས་བབ་ཀྱི་འགྱུར་ལྡོག་དང་འཚམ་པར་བྱས་ཏེ། མངོན་སུམ་གྱི་ཤེས་པ་རྗེས་དཔག་གི་ཤེས་པར་རིམ་པ་སྤར་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་པ། ངེས་པར་དུ་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་མཐའ་འཁྱོངས་གཏོང་བ་དང་། རིམ་པ་ཟབ་པའི་སྒྱུར་བཅོས་དང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྤྱི་འདོམས་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ། ངེས་པར་དུ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་གང་ཐུབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་ལག་ལེན་ཁྲོད་ནས་ར་སྤྲོད་གང་ལེགས་བྱུང་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལོ་གཅིག་རིང་གི་ལས་ཀར་ཁས་ལེན་གང་ལེགས་བྱས་ཤིང་། ཚོགས་འདུར་བསྟན་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞིར”དམ་འཛིན་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་གཙོ་རྐང་དུ་མཐའ་འཁྱོངས་བཟུང་ནས་ཚད་གཞི་མཐོ་པོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ཆབ་སྲིད་ཀྱི་ལས་འགན་དུ་རྩི་བ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་འགན་ཨང་དང་པོར་རྩི་བ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལས་འགན་གལ་ཆེན་དུ་རྩི་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ནང་གནས་ཀྱི་བླང་བྱར་རྩི་བ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་འཐབ་ཇུས་ཀྱི་ལས་འགན་དུ་རྩི་བ། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་སྒྲིལ་འགོ་འཛུགས་ས་དང་དོན་ལ་འབབ་སར་རྩི་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་རྩ་བའི་འགན་ལེན་དུ་རྩི་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཟམ་མི་ཆད་པར་འཐོབ་པར་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སང་ལོའི་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར་ཏང་གི་འགོ་ཁྲིད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱིས་ལག་བསྟར། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མགྱོགས་མྱུར་སྐྲུན་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སང་ལོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ལྡོག་མེད་ཀྱི་གནས་ལུགས་ཤིག་ཡིན་པ་མཐའ་འཁྱོངས་བྱས་ནས། དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་མཐུད་རྒྱ་ཆེར་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ཏེ། བོད་ལྗོངས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་བརྟན་བགྲོད་རྒྱང་འཁྱོལ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ཆ་ཤས་དང་སྤྱི་ཡོངས། གཙོ་གནད་དང་སྤྱིར་བཏང་། དུས་ཐུང་གི་དམིགས་ཚད་དང་ཡུན་རིང་གི་དམིགས་ཚད་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། བརྟན་ཐོག་ཡར་འཕེལ་དང་། ཡར་འཕེལ་བརྟན་སྐུལ། སྔོན་འཛུགས་རྗེས་གཏོར་བཅས་ཀྱི་བརྟག་ཐབས་སྨྲ་བ་གལ་ཆེན་ལ་བརྟེན་ནས་བརྟན་པོ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཚན་རིག་དང་མཐུན་པའི་ངང་ཐག་གཅོད་ཡག་པོ་བྱེད་པ་དང་། འཛུགས་པ་དང་གཏོར་བའི་དབར་གྱི་གོ་རིམ་ལ་སྟངས་འཛིན་ཡག་པོ་གནད་འཁེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་སྣོན་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་ཧུར་ཐག་བྱས་ནས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། 2024ལོར་ཕྱོགས་དགུའི་ཐད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་དགོས། མ་དངུལ་ནུས་ལྡན་གཏོང་ཤུགས་རྒྱ་ཆེར་གཏོང་བར་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། འབྱུང་འགྱུར་ལ་ཁ་ཕྱོགས་ནས་འཆར་འགོད་ལ་དམ་འཛིན་དང་། གཙོ་གནད་ལ་དམིགས་ཏེ་འཕེལ་རིམ་ལ་དམ་འཛིན། ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་དཔལ་འབྱོར་གྱི་མིག་སྔའི་གསོན་ཤུགས་དང་འབྱུང་འགྱུར་ལ་མངོན་མེད་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས་པ་དང་། ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱེད་པར་ཤུགས་སྣོན་བརྒྱབ་ནས་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་དགོས། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་པ་སྤོར་བ་བཅས་མཐའ་འཁྱོངས་བྱས་ནས་ལེགས་ཆའི་ཐོན་ཁུངས་དང་། འཛད་སྤྱོད་རྒྱ་སྐྱེད། ཚན་རྩལ་གསར་གཏོད་བཅས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་དེང་རབས་ཀྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་ཁྲིད་སྟོན་དང་། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ། དམངས་འཚོ་དང་འབྲེལ་བ་ཡོད་པའི་ཡང་བའི་བཟོ་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཐོན་ལས་ཀྱི་ཕྱོགས་སྒྱུར་དང་རིམ་པ་སྤོར་བར་སྐུལ་འདེད་བཅས་གཏོང་བ། ས་ཁོངས་འཐབ་ཇུས་ཀྱི་བསམ་གཞིག་ལ་བརྟེན་ནས“རྫོང་ཁོངས་དཔལ་འབྱོར”འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོ་བ་དང་། དོན་དངོས་ལ་གཞི་ཚུགས་པ་དང་། གནས་ཀྱིས་ཁྱོན་ཁྲིད་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་རྒྱ་ཆེར་གཏོང་བ་གནས་བབ་གལ་ཆེན་དུ་བཞག་ནས་རྣམ་གྲངས་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན་དང་། ཐོན་ལས་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན། གླིང་ཁུལ་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན། བོད་སྐྱོར་ལ་དམིགས་ཏེ་ཚོང་འགུགས་ལ་དམ་འཛིན། རྣམ་གྲངས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ་གསོན་ཤུགས་ལྡན་པ་དང་། ཕན་འབྲས་བཟང་བ། སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་ཁེ་ལས་དང་རྣམ་གྲངས་སྤུས་ལེགས་ཁག་གཅིག་དངོས་འབྲེལ་དོན་འཁྱོལ་ཐུབ་པར་བྱེད་དགོས། དངུལ་རྩའི་ཞབས་འདེགས་མཁོ་སྤྲོད་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་དངུལ་རྩའི་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ནུས་ལྡན་བྱེད་དགོས། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། ཕྱི་ཕྱོགས་ལ་སྒོ་འབྱེད་པར་སྐུལ་འདེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བཅས་བྱེད་རིང་གི་དངུལ་རྩའི་ནུས་པ་གལ་ཆེན་གང་ལེགས་བཏོན་ཏེ་དངུལ་རྩ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་དང་དངུལ་རྩའི་ཐོན་ཁུངས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བྱས་ནས། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ་དངུལ་རྩའི་བདེ་འཇགས་འགན་ལེན་བྱེད་དགོས། དམངས་འཚོའི་ལས་དོན་ཡག་པོ་སྒྲུབ་པར་ཤུགས་སྣོན་བརྒྱབ་ནས་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལས་ཞུགས་ལས་གཏོད་རྒྱ་ཆེར་གཏོང་བ། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ། བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམངས་འཚོའི་མཐའ་ཚད་ཐ་སྐྱོང་བརྟན་པོ་དང་འཕྱུགས་མེད་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་ཏན་ཏིག་བྱེད་དགོས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། བོད་རང་རྟོགས་ངང་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་ནང་ཁུལ་འབྲེལ་མཐུད་དང་ཕྱི་ཕྱོགས་སྒོ་དབྱེའི་སྤྱི་ཡོངས་ཀྱི་བཀོད་སྒྲིག་གི་ནང་དུ་བཅུག་ནས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བར་ཤུགས་སྣོན་དང་། སྒོ་དབྱེའི་ལས་སྟེགས་དེ་བས་མང་བ་གཏོད་པ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། སྒོ་དབྱེའི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། འཛམ་གླིང་གིས་བོད་ཤེས་རྟོགས་དེ་བས་ལེགས་པ་དང་བོད་ལྗོངས་འཛམ་གླིང་དུ་མགྱོགས་མྱུར་སྐྱོད་ཐུབ་པར་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མངོན་མེད་སྟོབས་ཤུགས་ཆེ་ཤོས་བཅས་སུ་བརྩིས་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་འཛུགས་ལ་ཤུགས་སྣོན་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས་མཐའ་སྲུང་མཐའ་བརྟན་དང་མཐའ་མཚམས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས། དམག་དཔུང་འདུས་སྡོད་དང་དམངས་བདེ་མཉམ་འཛིན་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་མཐའ་སྟོབས་དང་མཐའ་མཚམས་བརྟན་པོ་མངོན་གསལ་དོད་པོ་དང་། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་དང་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གོམ་སྟབས་གསར་པ་སྤོ་བར་སྐུལ་འདེད་གཏོང་དགོས། བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགན་ལེན་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། མི་རིགས་ཀྱི་ལས་དོན་ཏན་ཏིག་སྒྲུབ་པ། ཆོས་ལུགས་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཆབ་སྲིད་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འགན་ལེན་བརྟན་པོ་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་རྩ་བ་བརྟན་པོ་ཚུགས་པའི་འགན་ལེན་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག སྐུལ་ལྕག་དང་བཅུན་འདོམས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ལས་བྱེད་པའི་དཔུང་ཁག་གི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། ཆབ་སྲིད་ཀྱི་མཐོ་ཚད་ནས་གནད་དོན་ལ་བསམ་གཞིག་དང་གནད་དོན་ཐག་གཅོད་མཁས་པོ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་ནུས་ཆེ་རུ་གཏོང་བ་དང་། སློབ་སྦྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་ཐུབ་པའི་འབད་བརྩོན་བྱེད་དགོས་པ། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ་མཐའ་འཁྱོངས་དང་། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་མཁས་པོ་བྱེད་པ། མང་ཚོགས་དང་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ། མང་ཚོགས་ལ་བརྩེ་སེམས་བཅངས་ནས་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་སེལ་རོགས་བྱེད་དགོས་པ། ཕྱོགས་ཡོངས་ནས་གནད་དོན་ལ་བསམ་བློ་བཏང་སྟེ་ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་། ས་ཁུལ་དེ་ག་དང་། སྡེ་ཚན་དེ་ག ལས་རིགས་དེ་ག་བཅས་ཀྱི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ཀྱི་ཁྲོད་དུ་མཉམ་འདྲེས་མཁས་པོ་བྱས་ཏེ། རང་རྟོགས་ངང་སྤྱི་ཡོངས་ལ་བསམ་གཞིག་དང་སྤྱི་ཡོངས་ལ་དམིགས་ནས་བྱ་སྤྱོད་སྤེལ་བ་བཅས་བྱེད་དགོས། སྤྱོད་ཚུལ་ལེགས་སུ་མཐའ་འཁྱོངས་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་ཡག་པོ་སྤྱོད་པ་བཅས་བྱས་ཏེ་ལས་དོན་གྱི་ཕན་འབྲས་ལ་བརྟེན་ནས་ལས་དོན་གྱི་བྱེད་ཐབས་དང་། འཇོན་ཐང་། ཆུ་ཚད་བཅས་ལ་ཞིབ་བཤེར་ཏན་ཏིག་བྱེད་དགོས།

    ཝང་ཅུན་ཀྲེང་གི་གསུང་བཤད་ནང་བསྟན་དོན། སང་ལོའི་ལས་དོན་ཡག་པོ་སྒྲུབ་པའི་དམིགས་ཚད་དང་ལས་འགན་ཁ་གསལ་བྱུང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམིགས་པ་དང་ས་ཁུལ་དེ་རང་དང་སྡེ་ཚན་དེ་རང་གི་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལས་འགན་ཁག་བགོས་ལ་དམ་འཛིན་ཡག་པོ་དང་སྤུས་ཚད་མཐོ་པོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ས་ཁོངས་གཅིག་ལ་གཟི་བརྗིད་སྣོན་པ་དང་སྤྱི་ཡོངས་ལའང་བཀྲག་མདངས་འཚེར་བར་བྱེད་དགོས། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་དང་ལྟ་སྐུལ་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ“ཆད་ལུས་མེད་པར་དོན་འཁྱོལ་ལ་དམ་འཛིན་དང་། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་དོན་འཁྱོལ་ལ་དམ་འཛིན། དམ་པ་དོན་གཉེར་གྱིས་དོན་འཁྱོལ་ལ་དམ་འཛིན། ལས་དོན་སྒྲུབ་ཕོད་པ་དང་སྒྲུབ་མཁས་པོས་དོན་འཁྱོལ་ལ་དམ་འཛིན”བཅས་ལས་དོན་གྱི་ཚད་གཞི་དང་བླང་བྱར་བརྩིས་ནས། ཕྱོགས་ཁག་གི་ཧུར་སེམས་གང་ལེགས་བསྐོངས་ཏེ། ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་བསྒྲུབ་ཆེད་མཉམ་དུ་འབད་འཐབ་བྱེད་དགོས། དྲིལ་བསྒྲགས་ལ་ཤུགས་སྣོན་དང་ཁོར་ཡུག་བཟང་པོ་བཏོད་ནས། སྒྲོག་འགྲེལ་གྱི་གཞི་རྟེན་གསར་གཏོད་དང་དྲིལ་བསྒྲགས་ཀྱི་ཐབས་ལམ་ཕུན་སུམ་ཚོགས་སུ་བཏང་སྟེ་མང་ཚོགས་ཚོས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་སྤྱད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དང་མང་ཚོགས་ལ་དྲིལ་བསྒྲགས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དངོས་འབྲེལ་མི་སེམས་ལ་ཟུག་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་པ་དང་དཔེ་མཚོན་མིག་དཔེའི་སྣེ་ཁྲིད་མཐའ་འཁྱོངས་ཀྱིས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པར་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་ལད་ཟློས་ཆོག་ལ་ཁྱབ་གདལ་གཏང་རུང་བའི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་ཁག་གཅིག་ཧུར་ཐག་ཆགས་པར་བྱེད་དགོས། གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་ཚད་ཀྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་མཐའ་འཁྱོངས་ཀྱིས། ལས་དོན་གྱི་འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་གནད་འཁེལ་བྱས་ཏེ། ལས་དོན་གྱི་རང་འགུལ་གྱི་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་དང་། གསར་གཏོད་འཕེལ་རྒྱས་མཐའ་འཁྱོངས། རང་ངོས་ཀྱི་དོན་དངོས་དང་འཚམ་པའི་ལས་དོན་གྱི་བྱེད་ཐབས་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཚོལ་ཞིབ། རྒྱུན་སྲིང་ལྷོད་མེད་དང་གོམ་པ་རེ་རེ་བཞིན་ཚང་འཛོམས་གྲོས་ཚོགས་ཀྱི་དམིགས་ཚད་ཕྱོགས་སུ་འབད་འཐབ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དུ་དོན་འཁྱོལ་ཐུབ་པར་བྱེད་དགོས། ལོ་མཇུག་དང་ལོ་འགོར་དུས་ཆེན་རིང་གི་ལས་དོན་ཁག་ལ་སྤྱི་འདོམས་བཀོད་སྒྲིག་ཡག་པོ་བྱས་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་དང་། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ། དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ། ཞིང་པ་ལས་མིའི་གླ་ཆ་དུས་ཐོག་དང་གྲངས་ཚང་སྤྲོད་པ་བཅས་བྱས་ཏེ། འགོ་མཇུག་གཟབ་འཁྱོངས་དང་འགན་འཁྲི་གཙང་སྒྲུབ་ཀྱིས་མང་ཚོགས་ལ་བློ་བདེ་པོའི་ངང་དགུན་སྒྲོལ་དང་དགའ་སྤྲོའི་ངང་དུས་ཆེན་གཏོང་དུ་འཇུག་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། གདེང་ཚོད་བརྟན་པོ་དང་། འགག་སྒྲོལ་དཀའ་སེལ། དམ་པ་དོན་གཉེར། ལས་དོན་སྒྲུབ་ཕོད་པ་དང་སྒྲུབ་མཁས་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་ཕུལ་ནས། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་བསུ་བ་ཞུ་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དང་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན་གསན་པ་དང་འབྲེལ་གྲོས་ཞིབ་གནང་བ་དང་། 《བློ་མཐུན་ཝང་ཀང་གི་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཨུ་ཡོན་གྱི་གོ་གནས་དགོངས་ཞུར་ཆོག་མཆན་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས》དང་། 《བློ་མཐུན་ཡཱ་ཤཱ་དང་ཤེས་རབ་མཚོ་མོ་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཨུ་ཡོན་ལ་རིམ་པ་བཞིན་གསབ་རྒྱུའི་སྐོར་གྱི་གཏན་འབེབས》《ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས》བཅས་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།