དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཁྲེན་ཡུང་ཆི།
  • ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-23

     ཟླ་12ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་། མ་དངུལ་སྤྱོད་པའི་མྱུར་ཚད། དེ་བཞིན《བོད་རང་སྐྱོང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལག་བསྟར་ཚད་གཞི(2023ལོའི་དཔར་མ)》སོགས་ཀྱི་དོན་གནད་ལ་ཞིབ་འཇུག་དང་། འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ། འབྲེལ་ཡོད་གནད་དོན་མཐུན་སྦྱོར་ཐག་གཅོད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། “རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བརྟན་པོ་བཙུགས་ནས། འདི་ལོའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱེད་པ་དང་ཆབས་ཅིག་སང་ལོའི་གཙོ་གནད་རྣམ་གྲངས་ཀྱི་འཆར་གཞི་ཧུར་ཐག་འགོད་དགོས། སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་ཁབ་པུའུ་ཨུད་ལ་ཁ་གཏད་སྙན་སེང་ཞུ་བའི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་དང་མ་དངུལ་གྱི་རྒྱབ་སྐྱོར་དེ་བས་མང་བ་བརྩོན་ལེན་བྱེད་དགོས། རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་གཏོང་རིང་ལྷགས་པའི་གནད་དོན་ལ་དམིགས་ཏེ་ཟུར་བསྟན་ལེབ་མཐོང་གིས་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ཡག་པོ་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་མགྱོགས་མྱུར་སྤེལ་ཏེ་མཉམ་དུ་ཞིབ་བཤེར་དང་མཉམ་དུ་མཆན་འགོད་བྱེད་པ་དང་། མགྱོགས་མྱུར་ཞིབ་བཤེར་དང་མགྱོགས་མྱུར་གཏན་འབེབས་བྱེད་པ། རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ནས་མིག་མཐོང་ལག་ཟིན་གྱི་ལས་འབོར་མང་པོ་གང་མགྱོགས་ཆགས་པར་བྱེད་དགོས། རྣམ་གྲངས་ཀྱི་མ་དངུལ་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་ཐོག་ཏུ་མ་དངུལ་གཏོང་སྤྲོད་བྱེད་པ། རྣམ་གྲངས་ཀྱི་མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། རྣམ་གྲངས་ཚོད་སྐོར་དང་ལྟ་སྐུལ་མཛུབ་ཁྲིད་ལམ་སྲོལ་དང“རང་སྐྱོང་ལྗོངས་ཀྱིས་ལས་དོན་གྱི་སྤྱི་ཡོངས་ལ་དོ་དམ་དང་། ས་ཁུལ་དང་གྲོང་ཁྱེར་གྱིས་ལས་དོན་སྤེལ་རིང་ལ་དོ་དམ། རྫོང་དང་ཆུས་ཀྱིས་ལས་མཇུག་འགྲིལ་བར་དོ་དམ”བཅས་རིམ་གསུམ་ལྟ་སྐུལ་བཀོད་གཏོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་འཇོག་རྣམ་གྲངས་ཀྱི་དྲ་ཐོག་ལྟ་ཞིབ་ཚད་ལེན་དང་བཀོད་གཏོང་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ། གསར་བརྗེས་རྣམ་གྲངས་ཀྱི་འཕེལ་རིམ་ཆ་འཕྲིན་རེའུ་མིག་དུས་ཐོག་ཏུ་རྒྱོང་བ་བཅས་བྱས་ནས། རྣམ་གྲངས་ལ་སྐུལ་འདེད་ནུས་ལྡན་མ་བྱུང་བའི་ཚན་པར་བརྡ་ཁྱབ་དང་སྐོང་འདྲི་བྱེད་པ་དང་ལས་འགོ་འཛུགས་ཐབས་བྲལ་བའི་རྣམ་གྲངས་དག་གོ་རིམ་གཞིར་བཟུང་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལག་བསྟར་ཚད་གཞི་གསར་པ་བཟོ་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུཌ་པ། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་དང་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་པ། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། དམངས་འཚོའི་མཐའ་ཚད་གནད་འཁེལ་དང་བརྟན་པོ་སྲུང་བ་བཅས་བྱས་ནས་འཕེལ་རྒྱས་གཏོང་རིང་དམངས་འཚོར་འགན་ལེན་དང་ལེཌ་སུ་བཏང་སྟེ་དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམངས་ཡོངས་ལ་ཁྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས། དྲང་གཞག་གཅིག་གྱུར། རྒྱུན་མཐུད་ཆོག་པ་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་རྒྱུན་མཐུད་གཏོང་བ་དང་སྤྱི་ཚོགས་འགན་སྲུང་དྲ་བ་སྔར་བས་ཚགས་དམ་དུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་བ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།