དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-21

    ཚེས་18ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་ལྟར་2024ལོའི་རང་ལྗོངས་ཀྱི་དཔལ་འབྱོར་ལས་དོན་ལ་ཞིབ་འཇུག་བྱས་པ་མ་ཟད། ད་དུང་ཆབ་མདོ་དང་མངའ་རིས་ཀྱི་དུས་མཚམས་གཉིས་པའི་བཅོས་སྣུམ་གྱི་ས་ཁུལ་དབར་གྱི་རིན་གོང་ཧེ་བག་ལེགས་སྒྲིག་བྱེད་འགོ་འཛུགས་རྒྱུ་སོགས་ལ་མོས་མཐུན་ཡང་བྱས་པ་རེད།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་ནང་2023ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། 2024ལོའི་དཔལ་འབྱོར་ལས་དོན་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བཅས་གནང་སྟེ། སང་ལོའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། འདི་ལོ་ཚུན་དུ། ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་བྱུང་བ་དང་མུ་མཐུད་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་ཏེ། དཔལ་འབྱོར་གྱི་དམིགས་ཚད་ཁག་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་ཐུགས་ཁུར་ལ་ཐུག་པ་དང་། འགག་རྩ་ནི་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་ཐུག་ཡོད་ལ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་འབད་བརྩོན་དང་ཡང་ཁ་འབྲལ་ཐབས་མེད་ཅེས་བསྟན་པ་རེད།

    ཚོགས་འདུར་དུས་སང་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་རེད། དེས་ན་ཡིད་ཆེས་ཆེན་པོ་སྐྱེད་པ་དང་གདིང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། མུ་མཐུད་རིག་པ་དྭངས་གསལ་དང་ངེས་ཤུགས་རྒྱུན་འཁྱོངས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཏན་ཏིག ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ཞིབ་ཕྲ་དང་གཅིག་གྱུར། དཔལ་འབྱོར་ལ་དམ་འཛིན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ནུས་ཤུགས་ཡོད་རྒུས་འཁུར་བ། “བརྟན་པོ”དང“ཡར་རྒྱས”དང“གཏོར་བ”དང“འཛུགས་པ”བར་གྱི་རྩོད་སྒྲུབ་འབྲེལ་བ་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱས་ཏེ། “ཡར་རྒྱས”དང“འཛུགས་པ”ཡི་ཐད་འབད་བརྩོན་དང་ཚད་བརྒལ་དེ་བས་ཆེན་པོ་ཡོང་བར་བྱེད་དགོས་པ་དང་། སྒྱུར་བཅོས་དང་། གསར་གཏོད། སྒོ་དབྱེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ནང་སྐྱེས་སྒུལ་ཤུགས་ལ་དམ་འཛིན་ནན་པོ་བྱེད་དགོས་པ། ས་ཁོངས་འབྲེལ་མཐུད་དང་། གྲོང་གསེབ་དར་རྒྱས། གྲོང་ཁྱེར་དང་གྲོང་རྡལ་འཕེལ་རྒྱས་བཅས་ཀྱི་རྣམ་པ་ལེགས་སུ་བཏང་ནས་ས་ཁོངས་ཀྱི་མཐུན་སྦྱོར་ལ་དམ་འཛིན་ནན་པོ་བྱེད་དགོས་པ། མིག་མཐོང་ལག་ཟིན་གྱི་དམངས་འཚོའི་བྱ་བ་དངོས་ཡག་པོ་དང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ནས། དམངས་འཚོ་ལེགས་སུ་གཏོང་བར་དམ་འཛིན་ནན་པོ་བྱེད་དགོས་པ། སྐྱེ་ཁམས་བདེ་འཇགས་ཀྱི་མཐའ་ཚད་དང་། མཐའ་མཚམས་བདེ་འཇགས་ཀྱི་མཐའ་ཚད། ཉེན་ཁ་འགོག་ཟོན་གྱི་མཐའ་ཚད་བཅས་ཡག་པོ་བསྲུངས་ནས། བདེ་འཇགས་ངང་འཕེལ་རྒྱས་གཏོང་བར་དམ་འཛིན་ནན་པོ་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    བཅོས་སྣུམ་གྱི་བྲིན་ཚོང་རིན་གོང་ཐད་ས་ཁུལ་དབར་ཧེ་བག་ཆེ་དྲགས་པའི་གནད་དོན་ཐག་གཅོད་བྱེད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལག་ལེན་བསྟར་བའི་དམངས་འཚོའི་དོན་དངོས་ཀྱི་གྲས་ཤིག་རེད། 2022ལོའི་ཟླ་གཉིས་པར་དུས་མཚམས་དང་པོའི་རིན་གོང་ལེགས་སྒྲིག་ལ་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་ཡག་པོ་ཐོབ་ཡོད། ད་རེས་ལག་ལེན་བསྟར་བའི་དུས་མཚམས་གཉིས་པའི་ལེགས་སྒྲིག་དེས་ཆབ་མདོ་དང་མངའ་རིས་དང་ལྷ་སའི་དབར་གྱི་རིན་གོང་གི་ཁྱད་པར་ཏུན་རེར་སྒོར་400དང་སྒོར་700ནས་སྒོར་250དང་སྒོར་500བར་བཅག་པའི་གཅོག་ཚད་མཐོ་པོ་རེད། ཚོགས་འདུར་ད་རེས་ཧེ་བག་ལེགས་སྒྲིག་བྱེད་པ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མུ་མཐུད་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། གང་མགྱོགས་དོན་འཁྱོལ་དང་། མཁོ་སྤྲོད་འགན་ལེན། ལྟ་སྐུལ་ལ་ཤུགས་སྣོན་བཅས་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།