དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལིའུ་ཅང་ལྗོངས་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-18

    ཟླ་12ཚེས་15ཉིན། ལྗོངས་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་པ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ནས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་ཡོད།

    ཚོགས་འདུའི་རིང་ཚོགས་ཆུང་ཁག་བགོས་ཀྱིས་བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་གྱི“སྐུལ་སྤེལ་བྱ་ཐབས་བཅུ”དང་། གྲོང་ལྷོ་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཕྱ་ལེ་བ་བཀོད་འདོམས་མ་ལག རྒྱ་མཚོ་གཞུང་ཤང་འབྱམ་སྟོད་གྲོང་ཚོའི“1+3+5+X”དྲ་མིག་ཅན་གྱི་ཞབས་འདེགས་དོ་དམ་བྱེད་སྟངས། ཧུང་ཏ་མེ་ཏོག་ལྡུམ་རའི་སྡེ་ཁུལ་ཆུང་ངུའི“ཏང་འཛུགས་སྐྱོང་དང་། དྲ་མིག མང་ཚོགས་རང་སྐྱོང་བཅས་ཟུང་དུ་འབྲེལ་བ”སོགས་ཀྱི་གསར་གཏོད་བྱེད་སྟངས་ལ་ལྟ་སྦྱོང་བྱས་ནས། ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་སྤེལ་རེས་བྱས་པས་ས་གནས་ས་ཐོག་ཏུ་གསོ་སྦྱོང་དང་། ཕན་ཚུན་བློ་སྒོ་འབྱེད་པ་དང་དཔྱད་གཞིར་འཛིན་པ། གཞི་རིམ་བཅོས་སྐྱོང་ཇེ་ཟབ་ཏུ་གཏོང་བ་བཅས་ཀྱི་སྔོན་དཔག་གི་དམིགས་ཡུལ་གྲུབ་ཡོད།

    ལིའུ་ཅང་གིས། བློ་མཐུན་མའོ་ཙེ་ཏུང་གིས“ཧྥེང་ཆའོ་ཡི་ཉམས་མྱོང”སློབ་སྦྱོང་དང་ཁྱབ་གདལ་གཏོང་དགོས་པའི་མཆན་བཀོད་མཛུབ་སྟོན་གནང་ནས་ལོ་60འཁོར་བར་དྲན་གསོ་ཞུ་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པའི་མཛུབ་སྟོན་གནང་ནས་ལོ་20འཁོར་བའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི“མཐའ་འཁྱོངས་བཞིའི”བླང་བྱ་གཞིར་བཟུང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་མང་ཚོགས་དང་འབྲེལ་འདྲིས་དང་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་ཉམས་མྱོང་དེ་བས་མང་བ་བསགས་ཏེ་དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཏང་འཛུགས་སྐྱོང་དང་བཅོས་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་དང་གཞི་རིམ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་ལྟེ་བའི་གནས་བབ་མཐའ་འཁྱོངས་དང་། “ཁོངས་ཁུལ་ལོགས་དབྱེ་དང་སོ་སོས་རང་ཚུགས་ཀྱིས་དམག་རྒྱག་པའི”རྣམ་པ་མཐའ་གཅིག་ཏུ་མེད་པར་བཟོ་དགོས་པ། བརྟན་ལྷིང་སྲུང་སྐྱོང་དང་ཁེ་དབང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་མང་ཚོགས་གཞི་རིམ་བཅོས་སྐྱོང་ལ་ཞུགས་པའི་ཧུར་སེམས་གང་ལེགས་འཕེལ་བར་བྱས་ཏེ་མང་ཚོགས་ཞུགས་པའི་ཐབས་ལམ་སྔར་བས་བཤངས་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་མེད་པར་བཟོས་ཏེ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་འགོག་སྲུང་འཛིང་རགས་དང་པོ་བརྟན་དུ་ཏན་ཏིག་གཏོང་དགོས་པ། ཞི་དྲག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་རིམ་གྱི་འཕྲལ་སྡོམ་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞི་དྲག་བརྗེ་སྒྱུར་གྱི་ནུས་པ་ཆེ་རུ་གཏོང་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་གསར་གཏོད་ལ་ཤུགས་རྒྱག་པ་དང་། ཐབས་ཇུས་འདོན་པ། བྱ་བ་དངོས་སྒྲུབ་པ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།