ཡན་ཅིན་ཧའེ་ཡིས་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དུ་བརྟག་ཞིབ་གནང་བ།
ཚེས་15ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་དུ་བརྟག་ཞིབ་གནང་བ་རེད།
ལང་ཧྥུའུ་ཁོན་དང་བཅས་པ་བརྟག་ཞིབ་ལ་ལྷན་དུ་ཕེབས་ཡོད་པ་རེད།
ཡན་ཅིན་ཧའེ་སྔ་རྗེས་སུ་སྡོད་ཁང་འགན་ལེན་དང་ས་ཁང་བདག་ཁོངས་ཁྲུའུ་དང་། གྲོང་ཁྱེར་འཛུགས་སྐྲུན་ཁྲུའུ། ནུས་རྒྱུ་གཙང་མའི་དྲོད་རླངས་དང་གསོ་རླུང་མཁོ་སྤྲོད་ལས་དོན་གྱི་ཆེད་སྒྲུབ་ཚོགས་ཆུང་བཅས་སུ་ཕེབས་ནས། ལས་དོན་པ་དང་གླེང་མོལ་གཏིང་ཟབ་གནང་བ་དང་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཀྱང་གནང་བ་རེད།
བརྟག་ཞིབ་གནང་རིང་། ཡན་ཅིན་ཧའེ་ཡིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་ཕྱོགས་གཅིག་དམངས་འཚོ་དང་འབྲེལ་བ་དང་ཕྱོགས་གཅིག་འཕེལ་རྒྱས་དང་འབྲེལ་ཡོད་པ་དང་། བཟོ་སྐྲུན་སྒྱུ་རྩལ་ལས་དུས་རབས་གཅིག་དང་ས་གནས་གཅིག་གི་རིག་གནས་ཀྱི་སྤུས་ཚད་གང་ལེགས་མཚོན་ལ་གྲོང་ཁྱེར་ཞིག་གི་ནང་དོན་དེ་བས་ཀྱང་ལེགས་པར་མཚོན་གྱི་ཡོད། གོམ་སྟབས་རྗེས་མའི་ལས་དོན་སྤེལ་སྐབས་དམངས་འཚོར་ཞབས་འདེགས་ཞུ་བ་དང་། བདེ་སྡོད་ལ་དམིགས་པ། གཞུང་གི་བོགས་ཁང་དང་། འགན་སྲུང་རང་བཞིན་གྱི་བོགས་ཁང་། ཐུན་མོང་རྒྱུ་ནོར་བདག་དབང་གི་སྡོད་ཁང་བཅས་གཙོ་བོར་བྱེད་པའི་སྡོད་ཁང་འགན་སྲུང་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ། འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ་བཅས་བྱས་ཏེ“སྡོད་སའི་ཁང་པའི”སྤུས་ཚད་སྔར་ལས་མཐོ་བ་དང་། ལས་བརྩོན་ལ་དམིགས་ཏེ་ཨར་པོའི་ཁེ་ལས་ཀྱི་འོས་ཐོབ་རིམ་པ་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཞིང་འབྲོག་པའི་ཨར་པོའི་ཁེ་ལས་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ། འཚོ་བ་མཛེས་སྡུག་ལྡན་པར་དམིགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་ཁོར་ཡུག་བཅོས་སྐྱོང་ལ་སྤྱི་འདོམས་དང་། གྲོང་ཁྱེར་གསར་པར་སྒྱུར་བའི་བྱ་སྤྱོད་དང་གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བ། གད་སྙིགས་དང་བཙོག་ཆུ་གཙང་གསིང་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁྲིམས་འགལ་ཁང་པར་རྡུང་རྡེག་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་དུས་བཀག་མཉམ་གྲོས་ལམ་སྲོལ་གང་མགྱོགས་འཛུགས་པ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། དམངས་ཀྱི་གནས་ཚུལ་དང་བསྟུན་ཏེ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། ཡུལ་ཞེན་གྱི་བག་ཆགས་འཇོག་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དང་། ལོ་རྒྱུས་རིག་གནས་ཤུལ་བཞག སྲོལ་རྒྱུན་གྲོང་ཚོ་སྲུང་སྐྱོང་དང་བེད་སྤྱོད་བཅས་དབར་གྱི་འབྲེལ་བར་ཐག་གཅོད་ཡང་དག བོད་ལུགས་ཁང་པ་དང་དེང་རབས་ཁང་པ་འཚམ་མཐུན་ཡོང་བར་བྱེད་པའི་འབྲེལ་བར་ཐག་གཅོད་ཡང་དག རང་ངོས་འཕེལ་རྒྱས་ཀྱི་ངེས་གནས་ལ་དམིགས་ཏེ“གནས་འཕྲོད་ལས་འཚམ་དང་ལུས་གསོ་ཡུལ་སྐོར་གང་ལའང་འཚམ་པའི”ཐད་ཤུགས་སྣོན། གྲུབ་ཆའི་འཆར་འགོད་སྣ་མང་ཅན་དང་། བཀོད་པ་སྣ་མང་ཅན། མཛེས་བཟོའི་ཚོན་དོག་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་བཅས་ཀྱི་བོད་ལུགས་ཁང་པ་འཆར་འགོད་བྱེད་པའི་རྩ་དོན་སྣེ་ཁྲིད་ནས་བཟོ་བ་བཅས་བྱས་ཏེ། རང་ལུགས་གསར་གཏོད་ཀྱི་ཁང་པའི་ཁྱད་ཆོས་ལ་བརྟེན་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་མངོན་པར་བྱེད་དགོས། དམངས་ཀྱི་སེམས་ཁྲལ་བསལ་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་ལ་དམིགས་པ་དང་། མི་སེར་ཚོས་དོ་ཁུར་བྱེད་པའི་གནའ་གྲོང་སྲུང་སྐྱོང་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་དང་། ནུས་རྒྱུ་གཙང་མའི་དྲོད་རླངས་དང་གསོ་རླུང་མཁོ་སྤྲོད། སྡོད་ཁང་གི་བདེ་འཇགས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ཏེ་དཀའ་ངལ་ཏན་ཏིག་སེལ་བ་དང་བྱ་བ་ངོ་མ་སྒྲུབ་དགོས། དམངས་སེམས་གཅིག་ཏུ་བསྒྲིལ་ནས་ད་ལྟའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་སྔོན་མ་དང་སྡུར་ཐབས་མེད་པ་དེ་བོད་གསར་རྙིང་སྡུར་བའི་ར་སྤྲོད་ནུས་ལྡན་ཞིག་ལ་བརྩིས་ནས། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་སུ་ལ་བཀའ་དྲིན་འཇལ་དགོས་པ་གསལ་གསལ་ཐིང་ཐིང་ཤེས་པ་དང“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་ལ་མཐོང་ཆེན་པོ། བློ་བརྟན་འགྱུར་མེད་ངང་སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་དུས་རབས་གསར་པའི་སྡོད་ཁང་འཛུགས་སྐྲུན་ལས་བྱེད་པའི་གཟུགས་བརྙན་བཟང་པོ་གཏོད་དགོས།