དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་ལྷན་ཞུགས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-10

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་ལྷན་ཞུགས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལས་ཀའི་དོན་དངོས་ལ་གཞི་ཚུགས་པ་དང་། དུས་བབ་ཀྱི་བླང་བྱ་དང་འཚམ་པ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་བསྐྲུན་པར་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ནི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་སྣེ་ཁྲིད་ཀྱི་རང་བཞིན་དང་། རྨང་གཞིའི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ཀྱི་འདུ་འགོད་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་མུ་མཐུད་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ཞུན་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་སྒྲུབ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས།

    རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་ཀྱི་ཞུན་བརྡར་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཤིང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ་དང་ཏང་གཤིས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ནས་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོར་ཤུགས་སྣོན་རྒྱག་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ཏང་ཡོན་དང་ལས་བྱེད་པའི་བསམ་བློར་དྲག་ཆས་ཏན་ཏིག་སྤྲོས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་སློབ་གསོར་ཤུགས་སྣོན་རྒྱག་པ། ཏང་ཡོན་དང་ལས་བྱེད་པའི་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།

    ལས་བྱེད་པར་འདུ་ཤེས་གསར་སྒྱུར་གྱི་ཁྲིད་སྟོན་བྱེད་དགོས་ཤིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་རྟོག་ཞིབ་བྱས་ནས་སློབ་སྦྱོང་ལག་ལེན་སྦྱོང་བརྡར་བཅས་ཟུང་འབྲེལ་བྱས་ཏེ་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པའི་འདུ་ཤེས་གསར་སྒྱུར་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱེད་པ་དང་། དོན་འཁྱོལ་ལ་དམ་འཛིན་ཡག་པོ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་བློའི་འཆིང་རྒྱ་རྦད་དེ་མེད་པར་བཟོ་བ། དུས་རབས་ཀྱི་རྗེས་སུ་འབྲང་བ་དང་ལག་ལེན་གྱི་འཕེལ་འགྲོས་དང་བསྟུན་པ། མཁྲེགས་བཟུང་གི་བསམ་བློ་དོར་བ་དང་ལམ་ཞེང་ཆགས་མི་བྱེད་པ་བཅས་བྱས་ནས་བསམ་ཕྱོགས་གསར་པ་གྲུབ་པ་དང་། ཐབས་ཤེས་གསར་པ་འདོན་པ། གནད་དོན་གསར་པ་ཐག་གཅོད་བཅས་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས།

    ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་དགོས་ཤིང་། རིམ་ཁག་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ན་གཞོན་ལས་བྱེད་པ། གཞི་རིམ་ལས་བྱེད་པ་བཅས་གཙོ་བོར་བཟུང་ནས་མི་དང་སྣོད་ལ་བསྟུན་ནས་སློབ་གསོ་བརྒྱབ་སྟེ་རྩ་འཛུགས་ཀྱི་དགོས་མཁོ་དང་། ལས་གནས་ཀྱི་དགོས་མཁོ། ལས་བྱེད་པའི་དགོས་མཁོ་བཅས་དེ་བས་ཡག་པོ་སྐོང་བ་དང་། སློབ་གསོ་དང་གསོ་སྦྱོང་གི་བརྒྱུད་རིམ་རང་བཞིན་དང་། དམིགས་སའི་རང་བཞིན། ནུས་ལྡན་རང་བཞིན་བཅས་སྔར་བས་ཆེ་རུ་གཏོང་བ། སློབ་གསོ་དང་གསོ་སྦྱོང་གི་མ་ལག་སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ། སློབ་གསོ་གསོ་སྦྱོང་གི་བྱེད་སྟངས་དང་བྱ་ཐབས་ལེགས་སུ་གཏོང་བ། འགན་འཁྲི་སྒྲུབ་ནུས་ཀྱི་གསོ་སྦྱོང་སྣ་ཚོགས་ཏན་ཏིག་སྤེལ་བ། གསོ་སྦྱོང་གི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་བཅས་བྱས་ནས་ལས་བྱེད་པས་སྦྱངས་ནས་ཕན་འབྲས་ཐོན་པ་དང་སྦྱངས་ནས་གོ་རྟོགས་སད་པ་བྱེད་དགོས།

    ཝང་ཅུན་ཀྲེང་གིས། རིམ་ཁག་ལས་བྱེད་པས་བསམ་བློ་ཆབ་སྲིད་དང་། ཤེས་བྱ་གསར་བརྗེས། རིག་གནས་འཛུགས་སྐྱོང་བཅས་ལ་འབད་བརྩོན་བྱས་ཏེ་ལྷག་བསམ་དག་ཅིང་བློས་འགེལ་ཆོག་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་འཇགས་པ་དང་། དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་སྤྱོད་ཚུལ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཇོན་ཐང་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་། ཉེན་ཁ་འགོག་སེལ་གྱི་འཇོན་ཐང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།