ཡན་ཅིན་ཧའེ་ཡིས་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་6ཉིན། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་ཏང་ཙུའུ་ཡི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། ཤིས་ཚིག་གལ་ཆེན། མཆན་བཀོད་མཛུབ་སྟོན་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། འཕྲིན་ལན་གལ་ཆེན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་གནང་བ་རེད།
ཡན་ཅིན་ཧའེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉེ་དུས་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སོགས་ཀྱི་དགོངས་དོན་གྱི་དགོངས་པ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། ནང་དོན་གཏིང་ཟབ་པ་བཅས་ཡོད་ལ། ཆབ་སྲིད་རང་བཞིན་དང་། མཛུབ་ཁྲིད་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པས། ང་ཚོས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱེད་པ་དང་། གོ་བ་ཡག་པོ་ལེན་པ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། འཕེལ་རྒྱས་ཀྱི་གོ་སྐབས་སྟངས་འཛིན་བྱས་ནས། འབྲི་ཆུའི་དཔལ་འབྱོར་ཁུལ་དང་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་གཉིས་དཔལ་འབྱོར་ཁུལ་སོགས་ཀྱི་འཐབ་ཇུས་གལ་ཆེན་དང་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་རིང་བོད་ཀྱི་གནས་བབ་ཡག་པོ་འཚོལ་བ་དང་བོད་ཀྱི་བྱས་རྗེས་མངོན་པར་བྱེད་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་རྨང་གཞིའི་རང་བཞིན་གྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མུ་མཐུད་ཁྱབ་གདལ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བཅས་བྱས་ཏེ་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས།ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། རྒྱལ་ཁབ་ཕྱི་འབྲེལ་གྱི་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་དང་། བོད་ཀྱི་ལེགས་ཆའི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད། བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་འཚམས་འདྲིའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཡུལ་སྐོར་དཔལ་འབྱོར་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། བདེ་འཇགས་ཀྱི་རྩ་བ་དམ་པོར་བཟུང་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཆོས་ཉིད་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ་དང་། གཙོ་གནད་ལས་རིགས་དང་གཙོ་གནད་ཆེ་སར་དམ་པོར་དམིགས་ཏེ“ལེབ་བཤེར་རྣམ་པའི”གྲལ་བཤེར་གཏིང་ཟབ་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་བྱས་ནས། དངོས་སྒྲུབ་ལ་མཐོང་ཆེན་དང་། གྲུབ་འབྲས་དངོས་ལ་མཐོང་ཆེན། འགན་འཁྲི་འཁུར་ཕོད་པར་མཐོང་ཆེན་བཅས་ཀྱི་མི་སྤྱོད་ཕྱོགས་སྟོན་གསལ་སྟོན་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་རང་འགུལ་ངང་འགན་འཁྲི་འཁུར་བར་སྐུལ་ལྕག་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྲིད་གཞུང་ལས་དོན་གྱི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཏན་ཏིག་བྱེད་དགོས།
ཡན་ཅིན་ཧའེ་ཡིས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་དང་ལྟེ་བའི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་དང་། ལས་བྱེད་པར་སློབ་གསོ་གཏོང་བ་དང་མང་ཚོགས་ལ་དངོས་ཕན་གཏོད་པ་ཟུང་འབྲེལ། མིག་སྔའི་གནད་དོན་ཐག་གཅོད་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་གཅིག་གྱུར་བཅས་བྱས་ནས། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་ཏན་ཏིག་ངང་སྤེལ་བ་དང་། དམ་པ་དོན་གཉེར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་བཅས་བྱས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོར་མགོ་ཡོད་མཇུག་ཡོད་དང་གྲུབ་འབྲས་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།