ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་འཚོགས་པ།
ཚེས་6ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ལྗོངས་ཡོངས་ཀྱིས་དགུན་སྒྲོལ་གློག་མཁོ་འདོན་འགན་ལེན་བྱེད་པའི་ལས་དོན་བཀོད་སྒྲིག་གནང་བ་དང་། འཁྱག་རོམ་སྲུང་སྐྱོང་དང་། མེ་ཟོན་བདེ་འཇགས། ཤེས་ལྡན་པའི་ལས་དོན་སོགས་ལ་ཞིབ་འཇུག་གནང་བ་རེད།
ཚོགས་འདུར་བསྟན་དོན། གློག་འགན་ལེན་བྱེད་པ་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་འགན་ལེན་དང་འབྲེལ་བ་ཡོད་པས། རང་ལྗོངས་ཀྱི་དགུན་སྒྲོལ་ནུས་རྒྱུའི་མཁོ་སྤྲོད་འགན་ལེན་དང་ལྷག་པར་དུ་གློག་མཁོ་སྤྲོད་འགན་ལེན་ཡག་པོ་བྱེད་པ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་རྒྱུན་བཞིན་ཚད་མཐོའི་མཐོང་ཆེན་བྱས་ནས་དཀའ་ངལ་ལ་སྔོན་དཔག་དེ་བས་ལེགས་པ་དང་། ལས་ཀར་བསམ་གཞིག་དེ་བས་ཚགས་ཚུད་པོ། བྱེད་ཐབས་དེ་བས་ཞིབ་ཕྲ་བཟོ་བ། ལས་དོན་ཁག་དོན་ལ་ཏན་ཏན་ཏིག་ཏིག་འཁྱོལ་བ་བཅས་བྱེད་དགོས།
ཚོགས་འདུར་བསྟན་དོན། མཚོ་བོད་ས་མཐོའི་འཁྱག་རོམ་ཐོན་ཁུངས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བའི“རྒྱལ་ཁབ་ཀྱི་དོན་ཆེན”ཞིག་རེད། ངོས་འཛིན་ཟབ་པོ་དང་འགན་འཁྲི་ནན་དུ་བཏང་ནས་འཁྱག་རོམ་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ལོ་རྒྱུས་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་བྱེད་དགོས། བྱེད་ཐབས་ལ་ཤུགས་སྣོན་དང་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཕྱོགས་ཡོངས་ནས་ཡོངས་ཁྱབ་ཞིབ་བཤེར་མགྱོགས་མྱུར་དང་སྲུང་སྐྱོང་དང་། ཉམས་གསོ། བཅོས་སྐྱོང་བཅས་ཀྱི་ཇུས་གཞི་རབ་དང་རིམ་པ་དང་ལས་གྲྭའི་བྱེད་ཐབས་ཞིབ་འཇུག་བྱས་ནས་འདོན་པར་དམ་འཛིན་བྱེད་དགོས། སྤྱི་འདོམས་ལ་ཤུགས་སྣོན་དང་ལུགས་མཐུན་གསར་སྤེལ་བྱས་ཏེ་འཁྱག་རོམ་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་མཐའ་ཚད་བརྟན་པོ་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག“གངས་འཁྱག་གི་ས་གཞི”“གསེར་རི་དངུལ་རིར”དངོས་འབྲེལ་འགྱུར་བར་བྱེད་དགོས།
ཚོགས་འདུར་བསྟན་དོན། མེ་ཟོན་བདེ་འཇགས་ནི་དུད་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པས། འགན་འཁྲི་སྔར་བས་ནན་དུ་བཏང་ནས་སྲིད་གཞུང་དང་། སྡེ་ཚན། ཚན་པ། མི་སྒེར་བཅས“ཕྱོགས་བཞི་གཞི་གཅིག”གི་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲིའི་མ་ལག་ཕྱོགས་ཡོངས་ནས་ནན་དུ་གཏོང་བ་དང་ཏན་ཏིག་བྱས་ཏེ“སུས་འགན་གཙོ་བོ་ཁུར་ན་དེས་སྣེ་འཁྲིད་པ་དང་། སུ་གཙོ་བོ་ཡིན་ན་དེས་སྣེ་འཁྲིད་པ། སུ་འགྲམ་དུ་ཡོད་ན་དེས་སྣེ་འཁྲིད་པ”བཅས་ཀྱི་ལྟ་འདོམས་ཀྱི་རྩ་དོན་དོན་འཁྱོལ་ནན་པོ་བྱས་ཏེ་འགན་ཁག་ཕར་དཀྲི་ཚུར་དཀྲི་དང་། འགན་འཁྲི་ཏན་ཏིག་མེད་པ། དོ་དམ་བྱེད་མཁན་མེད་པ་ལ་བཅས་གཏན་འགོག་བྱེད་དགོས། མངོན་མེད་རྐྱེན་ངན་སྔར་བས་བསལ་ནས་མི་མང་འདུ་ཁུལ་ལ་མུ་མཐུད་དམིགས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐོན་མ་ཐག་ནས་སེལ་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལམ་ལུགས་ནི་ཤེས་ལྡན་པར་བརྩི་འཇོག་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་བྱེད་པའི་ལམ་ལུགས་གྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ད་ཐེངས་ཀྱི་གདམ་གསེས་ཀྱི་ཆ་རྐྱེན་དང་གོ་རིམ་ལེགས་སུ་བཏང་བས་རང་ལྗོངས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་ཤེས་ལྡན་པ་དང་རྩལ་ནུས་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་དང་ལྕག་སྐུལ་གྱི་ནུས་པ་གལ་ཆེན་ཐོན་ཡོད། གོམ་སྟབས་རྗེས་མར་ཚན་རྩལ་གསར་གཏོད་དང་། གྲུབ་འབྲས་གཞན་སྒྱུར། ཤེས་ལྡན་པ་གསོ་སྐྱོང་། ཚན་རིག་ཁྱབ་གདལ་སོགས་ཐད་རིགས་ཁག་གི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་སྣེ་ཁྲིད་ནུས་པ་གང་ལེགས་འདོན་དགོས། སེམས་ནུས་ཡོད་རྒུས་ལས་དོན་སྤེལ་བ་དང་། ཤེས་ལྡན་པར་ཞབས་འདེགས་ཞུས་ནས་འབྲེལ་གཏུག་ཞབས་ཞུའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་ལུས་བདེ་སེམས་སྐྱིད་ངང་ལས་དོན་ཡག་པོ་སྒྲུབ་ཐུབ་པ་བྱེད་དགོས་།
ཚོགས་འདུའི་ཐོག་བསྟན་དོན། ལྷ་ས་གྲོང་ཁྱེར་གྱིས་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་དེང་རབས་དངུལ་རྩའི་ཞབས་ཞུའི་ལས་རིགས་གཅིག་སྡུད་འཕེལ་རྒྱས་མགྱོགས་མྱུར་གཏོང་རིང་ལྷ་ས་གྲོང་ཁྱེར་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱད་ནས། ལྷ་ས་གྲོང་ཁྱེར་གྱི་ལྟེ་བའི་འཕར་གཞི་ཆེ་རུ་དང་ལྟེ་བའི་གྲོང་ཁྱེར་ལྷ་སའི་གནས་རིམ་དང་པོའི་གནས་བབ་མཐོ་རུ་བཏང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། འཆར་འགོད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དེ་ས་ཆ་སྤྱོད་པའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་གྱི་ཁྲིམས་གཏན་འཁེལ་བའི་གཞི་འཛིན་ས་འབའ་ཞིག་ཏུ་བརྩིས་ནས། རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་ནན་སྲུང་དང་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་བཀོད་པ་ལེགས་སུ་བཏང་སྟེ་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི་དབང་གྲགས་རང་བཞིན་དང་སྒམ་ནན་རང་བཞིན་སྲུང་སྐྱོང་ཡག་པོ་བྱེད་དགོས། གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་མཐའ་འཁྱོངས་ཀྱིས་ཕན་འབྲས་ཆེ་བའི་ས་ཆའི་ཐོན་ཁུངས་བཀོད་སྒྲིག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་གྱི་འགན་ལེན་ནུས་ལྡན་བྱེད་དགོས།