དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་བཟོ་ལས་རྟེན་མཛོད་ཁང་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-08

    ཟླ་12ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་བཟོ་ལས་རྟེན་མཛོད་ཁང་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་མཛེས་རྩལ་ཁང་དུ་བརྩམས་ཆོས་ལ་གཟིགས་ནས་འགྲེལ་བཤད་ནན་ཏན་གསན་བཞིན་པ།

    ཟླ་12ཚེས་5ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་མཛེས་རྩལ་ཁང་དང་བོད་ལྗོངས་བཟོ་ལས་རྟེན་མཛོད་ཁང་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་སྣོན་རྒྱག་པ། རིག་གནས་སྒྱུ་རྩལ་ཁང་གི་བྱེད་ནུས་སྣ་ཚོགས་གང་ལེགས་འདོན་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཧུར་ཐག་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་དགོས་ཞེས་ནན་བཤད་གནང་བ་རེད།

    བོད་ལྗོངས་མཛེས་རྩལ་ཁང་ནི་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་གནས་འདུ་འགོད་ཅིག་ཡིན་པ་དང་བྱེད་ནུས་ཁུལ་ཆེན་པོ་བཞི་བཙུགས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། བོད་ལྗོངས་བརྗོད་བྱར་བྱས་པའི་མཛེས་རྩལ་བརྩམས་ཆོས་དང་བོད་ཀྱི་མཛེས་རྩལ་བྱ་གཞག་གིས་བརྒྱུད་མྱོང་བའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཁྱོན་ཡོངས་ནས་མངོན་པར་བྱས་ཡོད། ཝང་ཅུན་ཀྲེང་གིས་ཕེབས་མཚམས་ཡང་ཡང་བཞག་ནས་བརྩམས་ཆོས་ལ་གཟིགས་པ་དང་འགྲེལ་བཤད་ནན་ཏན་གསན་པ་རེད། ཁོང་གིས་ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཞིབ་འཇུག་གི་ཆུ་ཚད་མཐོ་རུ་གཏོང་བ། འབྱུང་ཁུངས་དེ་བས་ཡག་པོ་བཙལ་ཏེ་ཤེས་དཔལ་གྱི་འབྱུང་རྩ་གསལ་སྟོན། ཞིབ་འཇུག་གི་སྟོང་ཆ་གསབ་པ་བཅས་བྱས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་དང་བརྒྱུད་སྤེལ་བྱེད་པའི་ཚད་བརྒལ་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ཧུར་ཐག་གཏོད་དགོས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། རིག་གནས་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་བཟོ་རྩལ“ཕྱིར་སྐྱོད་པར”སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཁྱབ་འགྱེད་ཀྱི་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།

    བོད་ལྗོངས་བཟོ་ལས་རྟེན་མཛོད་ཁང་ནི་བོད་ཀྱི་དེང་རབས་བཟོ་ལས(ལྷ་སའི་ཨར་འདམ་བཟོ་གྲྭ་རྙིང་པ)ཀྱི་གནས་ཡུལ་རྙིང་པ་སྒྱུར་བཀོད་བྱས་པའི་རྣམ་གྲངས་ཤིག་ཡིན་ཞིང་། དེས་བོད་ཀྱི་བཟོ་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་དཔང་པོ་བྱས་ཡོད་ལ། བཟོ་ལས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་འགན་འཁྲི་ཡང་ཁུར་ཡོད། དངོས་རྫས་རེ་རེ་དང་། དཔེ་དབྱིབས་རེ་རེ། པར་རིས་རེ་རེ། ཚིག་དུམ་རེ་རེ་བཅས་ལས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གསོན་ཉམས་དོད་པོས་སླར་ཡང་མངོན་པར་བྱས་ཡོད། ཝང་ཅུན་ཀྲེང་གིས་ཕེབས་ཀྱིན་གཟིགས་ཞིབ་གནང་བ་དང་ད་དུང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས་འགྲེམས་རྫས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་དང་གཏམ་རྒྱུད་ལ་ཕྱིར་དྲན་གནང་ཡོད། ཁོང་གིས་རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་གི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། དེའི་ནང་འདུས་པའི་དུས་རབས་ཀྱི་རིན་ཐང་དང་སྤྱི་ཚོགས་ཀྱི་རིན་ཐང་རྒྱས་བཤད་དང་འདོན་སྤེལ་ཡག་པོ་བྱེད་པ། རྙིང་འབུད་གསར་འདོན་ཐུབ་པ་བཅས་བྱས་ནས་རིག་གནས་ཤུལ་བཞག་གི་རྒྱབ་ལྗོངས་གཏམ་རྒྱུད་ཡག་པོ་ཤོད་དགོས། བཟོ་ལས་ཀྱི་རྗེས་ཤུལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ཏེ་སྲུང་སྐྱོང་དང་གསར་སྤེལ་གལ་ཆེ་མཉམ་འཛིན་དང་། རྒྱུན་འཛིན་དང་གསར་གཏོད་དུས་གཅིག་ཏུ་སྤེལ་ནས་བཟོ་ལས་ཤུལ་བཞག་གི་ཡུལ་སྐོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་གཟུགས་བརྙན་གཏོད་རྒྱུ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་རྒྱུ་མཐའ་འཁྱོངས་བྱས་ཏེ་རིག་གནས་དང་། ཚོང་དོན། ཡུལ་སྐོར་སོགས་ཀྱི་ལས་རྣམ་ཕན་ཚུན་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རིག་གནས་ཀྱི་འགན་འཁྲི་གསར་པ་འཁུར་བ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་ནས་སྔོན་ཐོན་རིག་གནས་རང་རྟོགས་ངང་བརྒྱུད་སྤེལ་དང་འཕེལ་རྒྱས་གཏོང་དགོས། དཔེ་མཛོད་ཁང་དང་། མཛེས་རྩལ་ཁང་། རྟེན་མཛོད་ཁང་སོགས་ཀྱིས་སྤུས་ཀ་དག་པོས་ཉར་ཚགས་དང་། ཆུ་ཚད་མཐོ་པོས་བེད་སྤྱོད། སྤུས་ཚད་མཐོ་པོས་ཞབས་འདེགས་བཅས་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་མི་དམངས་མང་ཚོགས་ཀྱི་རིག་གནས་བྱང་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། རིག་གནས་ཐོན་རྫས་མཁོ་སྤྲོད་དང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། མང་ཚོགས་ཀྱི་བསམ་བློ་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་རྩོམ་རང་བཞིན་གྱི་ཕྱོགས་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བཏང་ནས་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་དགོས། རིག་གནས་ཐོན་ལས་གྲངས་འཛིན་ཅན་གྱི་བཀོད་པ་གྲུབ་མགྱོགས་སུ་གཏོང་བ་དང་། ཚན་རྩལ་གྱིས་རིག་གནས་ཐོན་ལས་ལ་ནུས་པ་སྦྱིན་པར་སྐུལ་འདེད་གཏོང་བ། ས་ཁོངས་རིག་གནས་ཐོན་ལས་ཁུལ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། རིག་གནས་ཀྱི་ལས་རྣམ་གསར་གཏོད་འཕེལ་རྒྱས་གཏོང་བ་དང་རིག་གནས་ཀྱི་འཛད་སྤྱོད་བྱེད་སྟངས་གསར་པ་སྐྱེད་སྲིང་བྱས་ནས། གྲུབ་ཆ་ལུགས་མཐུན་དང་། གསར་གཏོད་དང་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་དེང་རབས་ཀྱི་རིག་གནས་ཐོན་ལས་མ་ལག་འཛུགས་དགོས། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་གཟུགས་བརྙན་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་རྒྱུ་མཐའ་འཁྱོངས་བྱེད་དགོས། རང་ལྗོངས་ཀྱི་ཐོན་ཁུངས་ཀྱི་ལྷན་སྐྱེས་ལེགས་ཆ་བཏོན་ཏེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཀྱི་རིན་ཐང་མངོན་པར་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཡུལ་སྐོར་ནི་རིག་གནས་ཀྱི་གཞི་རྟེན་དང་རིག་གནས་ནི་ཡུལ་སྐོར་གྱི་བླ་སྲོག་ལྟ་བུ་ཡིན་པས། རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་བོད་ལྗོངས་ཀྱི་ཁྱད་འཕགས་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་རིག་གནས་ཡུལ་སྐོར་གྱི་ལས་རྣམ་གསར་པ་འཕེལ་རྒྱས་ཧུར་ཐག་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཁྱད་ལྡན་རིག་གནས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དེ་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩི་བ་དང་། རིག་གནས་ཡུལ་སྐོར་གཞི་གཅིག་ཅན་གྱི་དོ་དམ་དང་། གཞི་གཅིག་ཅན་གྱི་གསར་སྤེལ། གཞི་གཅིག་ཅན་གྱི་གཉེར་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་མཉམ་འགུལ་འཕེལ་རྒྱས་དང་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་། ཡུལ་སྐོར་གྱི་ཡིད་དབང་འགུག་ནུས། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།