དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ལིའུ་ཅང་།
  • ལིའུ་ཅང“12·4”རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-06

    ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ“12·4”རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོར་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཕེབས་ཤིང་། ཁོང་གིས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་། ཁྲིམས་ལྟར་བོད་སྐྱོང་ཟབ་ཏུ་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལི་ཝུན་ཀེ་དང་། ཀྲང་ཧུང་པོ། ཝང་ཀང་། ཚེ་བརྟན། ཞ་ཁེ་ཆིན་བཅས་བྱེད་སྒོར་ཞུགས་པ་རེད།

    གཡུ་ཐོག་ལམ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་རང་སྐྱོང་ལྗོངས་སྲིད་ཁྲིམས་ཁོངས་གཏོགས་སོགས་ཀྱི་ཚན་པ་50ལྷག་ཙམ་གྱིས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་ས་གནས་ས་ཐོག་ཏུ་བློ་འདྲི་དང་ལེན་བྱེད་པ་སོགས་ཀྱི་རྣམ་པ་ནས། མང་ཚོགས་ལ་ལས་ཞུགས་ཁེ་དབང་སྲུང་སྐྱོང་དང་བཅའ་ཁྲིམས་རོགས་སྐྱོར་སོགས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་འགྲེལ་བཤད་གསལ་པོ་བརྒྱབ་སྟེ། མང་ཚོགས་ལ་ཁྲིམས་སྐྱོང་རང་ཉིད་ཀྱི་འཁྲིས་སུ་ཡོད་པ་ཚོར་ཐུབ་པར་བྱས་ཡོད། 《དམངས་དོན་ཁྲིམས་གཞུང་དང་འཚོ་བ་མཉམ་གྲོགས》སོགས་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་དཔྱད་ཡིག་རེ་རེ་དང་གསོན་ཉམས་དོད་པའི་གྱོད་དཔེ་རེ་རེ་དབྱེ་ཞིབ་དང་དོགས་སེལ་གྱི་དཔེ་དེབ་ལ་མང་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ཏུ་ཐོབ་ཡོད།

    ལིའུ་ཅང་གིས་རྩ་ཁྲིམས་ནི་རྒྱལ་ཁབ་ཀྱི་རྩ་བའི་བཅའ་ཁྲིམས་ཤིག་རེད། རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཆབས་ཅིག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་མཛུབ་ཁྲིད་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ངང་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་སྐྲུན་པར་སྐུལ་འདེད་གཏོང་བ་དང་སྦྲགས། ཁྲིམས་སྐྱོང་ལྗོངས་ཡོངས་ཀྱི་ལས་དོན་གྱི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་མུ་མཐུད་དོན་འཁྱོལ་བྱས་ཏེ། ཁྲིམས་ལྟར་བོད་སྐྱོང་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པ། “བརྒྱད་ལྔ”བཅའ་ཁྲིམས་ཁྱབ་གདལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཚོགས་སྤྱི་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བར་དམིགས་པ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་དང་གོ་ཐུབ་པའི་སྐད་ཡིག་སྤྱད་དེ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། མང་ཚོགས་ཀྱི་ཞུགས་སྣང་དང་། ཉམས་སྣང་། ཐོབ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་ནས་ཁྲིམས་སྐྱོང་འདི་ཉིད་གཞི་རིམ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་དུ་དངོས་འབྲེལ་སྤེལ་ཐུབ་པ་བྱེད་དགོས་པ། མུ་མཐུད་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། མིག་སྔའི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ཁྲོད་དུ་ལྷག་པའི་ཉམས་ཞན་ལྷུ་ཚིགས་ལ་དམིགས་ཏེ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཧུར་ཐག་བཏང་སྟེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བར་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།