ལིའུ་ཅང་གིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།
ཟླ་11ཚེས་30ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀྲང་ཧུང་པོ་དང་། ཚེ་བརྟན། ཤཱ་ཁེ་ཆིན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུར། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱི་དུས་འགོའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ལྷག་པར་དུ་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རིང་བསམ་འཆར་བསྡུ་ལེན་བྱས་པ་རྣམས་དག་ཐེར་བྱས་ཚུལ་བརྡ་ཁྱབ་བཏང་སྟེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་སྐོར་ལ་ཁེ་ལས་མཁས་ཅན་གྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་སླར་ཡང་བསྡུ་ལེན་བྱས་པ་རེད།
ལིའུ་ཅང་གིས་གསུངས་དོན། ཚོང་གཉེར་ཁོར་ཡུག་ཀྱང་ཐོན་སྐྱེད་ནུས་ཤུགས་ཤིག་རེད།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བར་དམིགས་ཏེ་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་། མ་དངུལ་ཧུར་ཐག་འགུགས་པ། འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། ཁེ་ལས་དང་འབྲེལ་བ་ཡོད་པའི་འདུན་ཞུའི་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པར་བྱས་ནས་ཞུ་གཏུག་དང་སྲིད་འཛིན་བསྐྱར་གྲོས་དང་། སྲིད་འཛིན་ཁྲུན་གཅོད། འདུམ་གཅོད་ཁག་བགོས་ལམ་སྲོལ། མྱུར་གཅོད་འདྲི་གཅོད་ཚོགས་པ་བཅས་འཐུས་སྒོ་ཚང་དུ་བཏང་སྟེ་ཁེ་ལས་དང་། བཅའ་ཁྲིམས། ཞུ་གཏུག་བཅས་དང་འབྲེལ་བ་ཡོད་པའི་གྱོད་གཞི་དོན་དམ་པའི་སྒོ་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱུན་གཏན་གྱི་ཁྲོམ་རའི་སྒྲིག་ལམ་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ་ཁྲོམ་ར་ཧམ་བཟུང་དང་། བཙན་ཉོ་བཙན་འཚོང་། བསྙད་རྐོ་ཟིང་སློང་སོགས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དྲང་གཞག་ཡ་རབས་ངང་ཁྲིམས་སྒྱུར་ཁྲིམས་འཛིན་དང་དྲང་གཞག་དང་ལས་ཕྱོད་ཆེན་པོས་གྱོད་གཞི་ཚང་མ་ཐག་གཅོད་བྱས་ཏེ་ཁྲིམས་སྒྱུར་ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། ཁེ་ལས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་བཅའ་ཁྲིམས་ཞབས་ཞུའི་ལས་ཁུངས་ཀྱིས་ཁེ་ལས་དང་འབྲེལ་བ་བྱེད་པའི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་པ། “མངག་ཐོའི་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་དང“ཁྲིམས་སྐྱོང་ཞིབ་བཤེར”ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁེ་ལས་ཀྱིས་ཁྲིམས་སྲུང་གཉེར་སྐྱོང་དང་། ཉེན་ཁ་སྔོན་འགོག་ཚོད་འཛིན། བློ་བདེའི་ངང་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བཅས་བྱེད་དགོས། ཁྲིམས་སྒྱུར་ཁྲིམས་འཛིན་གྱི་སྤྱོད་ཚུལ་མུ་མཐུད་ལེགས་བཅོས་དང་། ཁྲིམས་སྒྱུར་ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་དང་ཞིབ་དཔྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ཕན་དོན་གཉེར་གྱི་ཁྲིམས་སྒྱུར་དང་། གདམ་གསེས་རང་བཞིན་གྱི་ཁྲིམས་སྒྱུར། རྩུབ་སྤྱོད་རྣམ་པའི་ཁྲིམས་སྒྱུར་སོགས་ཀྱི་བྱེད་སྤྱོད་ལ་ཞིབ་གཅོད་ནན་པོ་བྱས་ཏེ་ཁྲིམས་སྐྱོང་གི་དྲང་བཞག་དྲང་བདེན་གང་ལེགས་མཚོན་པར་བྱས་ནས། ཁྲོམ་རའི་སྔོན་དཔག་ཟམ་མི་ཆད་པར་བརྟན་པོ་དང་ཁྲོམ་རའི་གསོན་ཤུགས་ལ་སྐུལ་སློང་བྱེད་དགོས།
ལིའུ་ཅང་གིས། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཁེ་ལས་དང་འབྲེལ་གཏུག་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྲིད་ཚོང་དབར་གྱི་ཉེ་གཙང་གི་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་ལ་སྤུས་ལེགས་ཀྱི་ཞབས་འདེགས་ཀྱང་ཧུར་ཐག་ཞུ་དགོས་པ་དང་། ཁྲོམ་རའི་བྱེད་པོ་ཁག་གིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ནན་པོ་བྱས་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ཐུན་མོང་ཐོག་བཏོད་དེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།