ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)སློབ་གཉེར་བ་དང་བཞུགས་མོལ་གནང་བ།
ཟླ་11ཚེས་30ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)སློབ་གཉེར་བ་དང་བཞུགས་མོལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བཞུགས་མོལ་ཚོགས་འདུར་གསུང་བཤད་གནང་བཞིན་པ།
ཟླ་11ཚེས་30ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)སློབ་གཉེར་བ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་ཚོགས་འདུའི་ཚོགས་ར་ཡིན་པ།
ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ལས་གནས་བརྟན་སྲུང་། རང་འགན་གཙང་སྒྲུབ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཟླ་11ཚེས་30ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི(ལྗོངས་སྲིད་འཛིན་སློབ་གླིང)སློབ་གཉེར་བ་དང་བཞུགས་མོལ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ནན་ཏན་བསྟར་ནས། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ལས་གནས་བརྟན་སྲུང་། རང་འགན་གཙང་སྒྲུབ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཝུའེ་ཏུང་དང་ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུར། ཁྲེན་ཅིང་དང་། རབ་བརྟན། ཝང་ཁྲུན་ཡན། ཧོང་ཁྲང་ཅུན། ཚེ་དབང་སྒྲོལ་མ། ཧྲི་ཡུན་ཧྥུང་སོགས་དགེ་སློབ་10ལྷག་ཙམ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ཏེ། ཏང་གི་སློབ་གྲྭའི་སློབ་ཁྲིད་དང་གསོ་སྦྱོང་གི་ལས་དོན་ལ་གྲོས་འགོ་བཏོན་པ་རེད། ཝང་ཅུན་ཀྲེང་གིས་གཏམ་བཤད་ནན་ཏན་ངང་གསན་པ་མ་ཟད། ད་དུང་ཚང་མ་དང་སྤེལ་རེས་ཡང་ཡང་གནང་སྟེ། གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་གཏོང་བ་དང་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཞིབ་ཕྲའི་གནད་དོན་ལ་དམིགས་ནས་ཚང་མ་དང་དགོངས་འཆར་བརྗེ་རེས་གནང་བས། ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས། དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་།སྙིང་སྟོབས་ཀྱི་འཚོ་བཅུད་འདང་ངེས་གསབ་པ། བསམ་བློའི་ཁ་ཕྱོགས་བརྟན་པོ་འཛིན་པ་བཅས་བྱས་ཏེ། འགྱུར་མེད་དམ་བཅའ་བཞག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྲ་ཞིང་བརྟན་པའི་དད་སེམས་ཅན་དང་ལྷག་བསམ་ཟོལ་མེད་ཀྱི་ལག་ལེན་པ་ཞིག་བྱེད་དགོས།
རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་བཏང་ནས་དངོས་འབྲེལ་ཤེས་སྦྱོར་གཅིག་མཐུན་ཡོང་བར་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ནན་ཏན་དང་། དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། ལྟེ་བའི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ། དེར་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ནན་ཏན་ཆུད་པ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས། མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པར་བརྟེན་ནས་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་མང་ཚོགས་དང་གཞི་རིམ་ལ་དྲིལ་བསྒྲགས་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་ཏན་ཏིག་འགྱུར་བར་བྱེད་དགོས། དམར་ཞིང་མཁས་པ་ཞིག་ཧུར་ཐག་ཆགས་པར་བྱས་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཁ་ཕྱོགས་མི་འཛོལ་བ་དང་གོམ་སྟབས་དེ་བས་ཆེ་རུ་འགྲོ་བའི་འགན་ལེན། མང་ཚོགས་ཀྱི་ལས་དོན་སྒྲུབ་པ་དང་། གནད་དོན་ཞིབ་ཕྲ་ཐག་གཅོད། གཞི་རིམ་ལས་དོན་གྱི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་ཀྱི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། གསོན་ཉམས་དོད་པའི་ལག་ལེན་གྱི་ཁྲོད་ནས་བློ་གྲོས་བསྡུ་ལེན། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་བྱེད་དགོས།
ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བཅངས་ཏེ་ལག་ལེན་གྱི་ཉམས་སད་ཐེག་པའི་ལས་རྗེས་དངོས་ཧུར་ཐག་གཏོད་དགོས། ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་ཀྱིས་ཏང་གི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་གནད་དོན་ལ་ཐད་ཀར་གཏུག་ཕོད་པ་དང་། ལས་དོན་གྱི་ཧེ་བག་འཚོལ་བ། ལས་དོན་གྱི་བསམ་ཕྱོགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ལས་དོན་ཁག་དོན་དངོས་ཀྱི་གནས་ཚུལ་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པར་བྱེད་དགོས། དོན་དངོས་ལ་ཟབ་ཞུགས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་དགོས་ཤིང་། ལུས་ཚུགས་ཐུབ་པ་དང་། འཐབ་ས་དང་པོར་སྐྱོད་པ། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་སྐྱོད་པ། མང་ཚོགས་ཀྱི་བསམ་ཚུལ་དང་། འཕྲལ་མཁོ། རེ་སྒུག་བཅས་ཤེས་རྟོགས་བྱས་ནས་རང་ཉིད་གང་དུ་ཡོད་ཀྱང་བློ་སེམས་དེ་གར་གནས་པར་བྱེད་དགོས། རྩ་དོན་མཐའ་འཁྱོངས་དང་། འཐབ་རྩོད་ཕོད་པ། འཐབ་རྩོད་ལ་མཁས་པ་བཅས་མཐའ་འཁྱོངས་ཀྱིས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཐབ་རྩོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་སྣ་ཚོགས་དང་མཐའ་གཅིག་ཏུ་འཐབ་རྩོད་ཕོད་པར་བྱེད་དགོས།
མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་ནས་ཏང་གི་མང་ཚོགས་ཀྱི་ལམ་ཕྱོགས་ལག་ལེན་བསྟར་ཏེ། མི་དམངས་མང་ཚོགས་ཐོག་མཐའ་བར་གསུམ་དུ་གནས་བབ་མཐོ་ཤོས་སུ་འཇོག་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ནས་གནད་དོན་ལ་བསམ་གཞིག་བྱེད་མཁས་པ། བརྩེ་བ་ཆེན་པོས་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་དཀའ་གནད་སེལ་བ་བཅས་བྱེད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་པ་དང་། མི་འབོར་གྱི་སྤྱི་ཡོངས་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ། ཤེས་ལྡན་པ་སྣ་ཚོགས་སྐྱེད་སྲིང་དང་གཅིག་སྡུད་བཅས་བྱས་ཏེ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་གྱི་ལས་དོན་མང་ཙམ་སྒྲུབ་པ་དང་སྐོང་འཐེན་ཐུབ་པའི་རྒྱུ་རྐྱེན་མཐའ་དག་སྐོང་འཐེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས། མང་ཚོགས་ཀྱི་འཚོ་བར་དོ་ཁུར་དང་ལས་དོན་སྒྲུབ་སྟངས་ལེགས་སུ་བཏང་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤངས་ཏེ་མི་དམངས་དང་། ལོ་རྒྱུས། ལག་ལེན་བཅས་ཀྱི་ཉམས་སད་ཐེག་པའི་ལས་རྗེས་དངོས་ཧུར་ཐག་འཇོག་དགོས།
ཏང་གི་སྒྲིག་ཁྲིམས་ནན་པོ་བསྲུངས་ཏེ་སྤྱོད་གཙང་རང་གཅུན་བྱེད་དགོས། སེམས་ལ་གུས་སྐྲག་ཤེས་པར་བྱས་ཏེ་ཏང་དང་། མི་དམངས། སྒྲིག་ཁྲིམས་བཅས་ལ་གུས་ཤིང་སྐྲག་པ་དང་། ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ནན་པོ་སྲུང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་ལེན་ནན་པོ་བསྟར་བ། བསམ་བློ་དང་ཀུན་སྤྱོད་ཀྱི་འགོག་རགས་དང་། ཏང་གཤིས་དང་རྩ་དོན་གྱི་མཐའ་ཚད། ཁྲིམས་སྲོལ་དང་སྒྲིག་ཁྲིམས་ཀྱི་དམར་ཐིག་བཅས་མཐའ་གཅིག་ཏུ་བསྲུངས་ཏེ་བདེན་པ་བདེན་ཐུབ་ཀྱི་མི་བྱེད་པ་དང་། ལས་དྲང་པོ་དྲང་གཞག་བྱེད་པ། སྤྱོད་གཙང་གི་སྲིད་དོན་སྒྲུབ་པ་བཅས་ཀྱིས་རང་ཚུགས་ཟིན་པ་དང་། ཀུན་སྤྱོད་གཙང་བ། འཇོན་ཐང་ཆེ་བ་བཅས་བྱེད་དགོས།
ཝང་ཅུང་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་བསྐོ་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ལས་འགན་ལ་བརྩིས་ནས། ཤེས་ལྡན་པར་བརྩི་འཇོག་དང་བཟང་པོ་མཐོང་ན་མིག་ལྟོས་ཡར་འདྲེན་གྱི་འདུ་ཤེས་འཛུགས་པ་དང་། ཡོངས་བསྒྲགས་དང་། འདྲ་མཉམ། འགྲན་རྩོད། ལེགས་འདེམས་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལྕག་སྐུལ་གསར་གཏོད་དང་ཡར་རྒྱས་ལ་ལྕག་སྐུལ་གྱི་ལས་དོན་གྱི་ཁོར་ཡུག་གཏོད་པ་བཅས་བྱས་ནས། ཕུལ་བྱུང་གི་ན་གཞོན་ལས་བྱེད་པ་དེ་བས་མང་བ་གཟེངས་སུ་ཐོན་པར་བྱེད་དགོས། ཡང་དག་པའི་མི་བཀོལ་སྤྱོད་ཀྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བཅས་བྱས་ཏེ། གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་ཤེས་རྟོགས་དང་། གསོ་སྐྱོང་། འདེམས་པ། བསྐོ་བ་བཅས་བྱེད་དགོས། རིམ་ཁག་ཏང་གི་སློབ་གྲྭས་ལས་དོན་སྒྲུབ་སྟངས་སྔར་བས་ལེགས་སུ་གཏོང་བ་དང་། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། རིག་པར་གཞིགས་ནས་སློབ་གསོ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྦྱོང་བཅས་བྱས་ཏེ་ན་གཞོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་འགན་འཁྲི་དང་ལས་འགན་ཏན་ཏིག་སྒྲུབ་དགོས། སློབ་གཉེར་བ་ཁག་གིས་ཏང་གི་སློབ་གྲྭའི་སློབ་སྦྱོང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུ་བ་དང་སློབ་སྦྱོང་གི་གོ་སྐབས་ལ་གཅེས་སྤྲས་ཀྱིས་སྦྱངས་ནས་འབྲས་བུ་དང་ཕན་པ་ཐོན་པར་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ལེགས་སྐྱེས་གསར་པ་འབུལ་དགོས།