དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་མར་ཏི་ཝེ་དང་། ཐེ་ལན། འབར་མ་བཅས་ལ་འཚམས་འདྲི་གནང་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-02

    ཟླ་11ཚེས་19ནས་28ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་མར་ཏི་ཝེ་དང་། ཐེ་ལན། འབར་མ་བཅས་ལ་འཚམས་འདྲི་གནང་ནས། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ལག་ལེན་གཏིང་ཟབ་བསྟར་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་གྲུབ་འབྲས་ལྡན་པའི་ལག་ལེན་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་པ། རྒྱབ་ཁབ་ཀྱི་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལ་གཞོགས་འདེགས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་ལ་སྐུལ་འདེད་བཏང་བ་རེད།

    མར་ཏི་ཝེར་བཞུགས་རིང་། ཡན་ཅིན་ཧའེ་ཡིས་མར་ཏི་ཝེའི་ཙུང་ཐུང་མོ་ཧན་མོ་ཏེ·མུའུ་དབྱི་ཙེ་དང་མཇལ་བཅར་གནང་བ་རེད། ཡན་ཅིན་ཧའེ་ཡིས་2014ལོའི་ཟླ་9པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མར་ཏི་ཝེར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་དོན་འཚམས་འདྲི་གནང་ནས་ཕྱོགས་གཉིས་པོས་ཀྲུང་མར་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་ལ་ཕྱོགས་པའི་ཕྱོགས་ཡོངས་ཀྱི་མཛའ་གྲོགས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པའི་མོས་མཐུན་མཐའ་གཅིག་ཏུ་གནང་བ་རེད། ང་ཚོས་མར་ཏི་ཝེ་ཕྱོགས་དང་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་དང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ། དངོས་སྒྲུབ་ཀྱི་སྤེལ་རེས་མཉམ་ལས་དང་། དམངས་ཁྲོད་ཀྱི་འགྲོ་འོང་སྤེལ་རེས། རིག་གནས་ཡུལ་སྐོར་མཉམ་ལས་སོགས་སྔར་བས་གཏིང་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་མར་རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད། ཀྲུང་གོ་བོད་རང་སྐྱོང་ལྗོངས་ཀྱིས་མར་ཏི་ཝེར་འཁྱགས་རོམ་གཏེར་ཆུ་ཏུན་1500ཞལ་འདེབས་ཕུལ་ནས་མར་ཏི་ཝེའི་ལས་རིགས་ཁག་གི་མིར་མཁོ་འདོན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། མོ་ཧན་མོ་ཏེ·མུའུ་དབྱི་ཙེས་ཡན་ཅིན་ཧའེ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་མར་ཏི་ཝེར་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་ཀྲུང་མར་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་འབྲེལ་བར་ཚད་མཐོའི་གདེང་འཇོག་གནང་བ་མ་ཟད། ཀྲུང་གོའི་བོད་ལྗོངས་ལ་ཐོབ་པའི་སྤྱིར་བཏང་མིན་པའི་གྲུབ་འབྲས་ལ་ཟོལ་མེད་ཀྱི་རྟེན་འབྲེལ་ཡང་ཞུས་ཤིང་། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་ལ་ཁས་ལེན་གང་ལེགས་གནང་བ་རེད། ས་གནས་གཉིས་པོའི་དབར་ཐད་གཏོང་གནམ་གྲུ་སྔ་ཙམ་ཤར་གཏོང་ཐུབ་པའི་རེ་སྒུག་ཆེན་པོ་གནང་བ་དང་ཀྲུང་གོས་མར་ཏི་ཝེར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཡན་ཅིན་ཧའེ་ཡིས་ད་དུང་མར་ཏི་ཝེའི་མ་ལེ་གྲོང་ཁྱེར་གྱི་ལས་ཚབ་ཧྲི་ཀྲང་ཨའེ་ཧ་མའེ་ཏེ·ནཱ་ལི་ཧྲེ་དང་མཇལ་འཛོམས་གནང་བ་དང་། ས་གནས་དེ་གའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིར་འཚམས་འདྲིའང་གནང་བ་རེད།

    ཐེ་ལན་དུ་བཞུགས་རིང་། ཡན་ཅིན་ཧའེ་ཡིས་ཐེ་ལན་ཤར་རྒྱུད་ཀྱི་དཔལ་འབྱོར་བར་ཁྱམས་གཞུང་དོན་ཁང་གི་དྲུང་ཆེ་ཀྲུའུ་ལ་དང་པཱ་ཐི་ཡ་གྲོང་ཁྱེར་གྱི་ཧྲི་ཀྲང་ཝུའུ་ལེ་ཁྲེན་དང་མཇལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཐེ་ལན་ནི་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། གཉེན་ཉེ་ཡག་པོ། རོགས་ཟླ་ཡག་པོ་རེད་ཅེས་མགྲིན་གཅིག་ཏུ་གསུངས་པ་རེད། ཡན་ཅིན་ཧའེ་ཡིས་ད་དུང་ཀྲེང་ཏ་ཚོགས་པ་དང་ཐེ་ལན་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ལ་འཚམས་འདྲི་གནང་བ་དང་། ཀྲེང་ཏ་ཚོགས་པའི་ཏུང་ཧྲི་ཀྲང་ཤེ་གོ་མིན་དང་ཐེ་ལན་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཀྲུའུ་ཞི་ལིན་ཁྲུའུ་ཆིན་དང་བཞུགས་མོལ་སྤེལ་རེས་གནང་བ་རེད།

    འབར་མར་བཞུགས་རིང་། ཡན་ཅིན་ཧའེ་ཡིས་འབར་མའི་གསོལ་མགྲོན་ཁང་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་ཝུའུ་ཕེའོ་ཙུའོ་སུའོ་དང་མཇལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་བདེ་འཇགས་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས། ཀྲུང་འབར་དབར་གྱི་གཉིས་ཁེ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད། ཕྱོགས་གཉིས་པོས་ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་དྲ་ཐོག་གི་སྦྲེལ་མཐུད་བགྲོ་གླེང་བྱེད་སྒོ་དུས་ཐོག་ཏུ་སྤེལ་རྒྱུར་མོས་མཐུན་གནང་བ་རེད། ཡན་ཅིན་ཧའེ་ཡིས་ད་དུང་འབར་མ་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་ཚོགས་གཙོ་ལིན་ཝུན་མོང་དང་བཞུགས་མོལ་སྤེལ་རེས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།