ཝང་ཅུན་ཀྲེང་གིས་ཧྲན་ཏུང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཤིན་ལི་དང་སློབ་སྤྱི་ལི་ཧྲུའུ་ཚའེ་བཅས་པ་དང་བཞུགས་མོལ་གནང་བ།
ཁྲེན་ཡུང་ཆི་ཞུགས་པ།
ཟླ་11ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཧྲན་ཏུང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཤིན་ལི་དང་སློབ་སྤྱི་ལི་ཧྲུའུ་ཚའེ་བཅས་པ་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པར་དཔང་པོ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས།
ཟླ་11ཚེས་30ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཧྲན་ཏུང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཤིན་ལི་དང་སློབ་སྤྱི་ལི་ཧྲུའུ་ཚའེ་བཅས་པ་དང་བཞུགས་མོལ་གནང་ནས་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁྲེན་ཡུང་ཆི་དང་། ཟླ་བ་ཚེ་རིང་། སུན་ཤན་ཀྲུང་། ལང་ཧྥུའུ་ཁོན། ཏུའུ་ཅན་ཀུང་བཅས་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཧྲན་ཏུང་སློབ་ཆེན་གྱིས་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཡུན་རིང་ཚུན་དུ། ཧྲན་ཏུང་སློབ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚན་རྩལ་གསར་གཏོད། ཤེས་ལྡན་པ་གསོ་སྐྱོང་སོགས་ཁྱབ་ཁོངས་སུ་རྒྱུན་ཆད་མེད་པར་སྤེལ་རེས་མཉམ་ལས་གཏིང་ཟབ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་། ལྷག་པར་དུ། སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། མིག་སྔར་བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་དམ་པ་དོན་གཉེར་དང་རང་འགན་ཐེག་པ་འཁུར་ལེན་བྱས་ནས་མི་འབོར་གྱི་བྱང་ཚད་མཐོར་གཏོང་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འཛད་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས། ཧྲན་ཏུང་སློབ་ཆེན་གྱི་ལོ་རྒྱུས་རིང་བ་དང་། རིག་ཚན་ཆ་ཚང་བ། སྟོབས་ཤུགས་ཆེ་བ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡོད་པས་སློབ་གསོ་པུའི་ཐད་གཏོགས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་གཙོ་གནད་སློབ་ཆེན་ཡིན་པའི་ངོས་ནས་རྒྱལ་ཁབ་ལ་ཕུལ་བྱུང་གི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་དང་། ཐོན་ཁུངས་མཉམ་སྤྱོད། གཉིས་ཕན་མཉམ་ལས། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་ལ་གཞིགས་ནས་མཉམ་ལས་ཀྱི་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། མཉམ་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ། གཉིས་ཁེ་གཉིས་ཕན་བཅས་ཡོང་བ་དང་། སློབ་གྲྭ་དང་ས་ཁུལ་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས“ཧྲན་ཏུང་སློབ་ཆེན་བོད་ལྗོངས་ཞིབ་འཇུག་ཁང”གི་འབྲེལ་ཟམ་གྱི་ནུས་པ་བཏོན་ཏེ་ཚན་ཞིབ་རྣམ་གྲངས་གལ་ཆེན་ལག་བསྟར་དང་ཤེས་ལྡན་པའི་མཉམ་སྐྲུན་མཉམ་སྤྱོད་སོགས་ཀྱི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ལེགས་ཆའི་རིག་ཚན་དང་རྨང་གཞིའི་རིག་ཚན་འཛུགས་སྐྱོང་སོགས་ཀྱི་མཉམ་ལས་གཏིང་ཟབ་བྱེད་པ། བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་ཀྱིས་ཁྱད་ལྡན་རིག་ཚན་གཏོད་པ་དང་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར། ཤེས་ལྡན་པའི་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ས་གཤིས་བརྟག་དཔྱད། མི་ཆོས་རིག་གནས་དང་སྤྱི་ཚོགས་ཚན་རིག་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་སྔར་བས་མང་བ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་པར་འདེམས་མངགས། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཕུལ་བྱུང་སློབ་མ་དེ་བས་མང་བ་བོད་དུ་ཡོང་བ་དང་། བོད་དུ་གཞིས་ཆགས་པ། བསམ་བློར་ཞུན་བརྡར་སྤྲོས་པ། འཇོན་ཐང་ཆེ་རུ་གཏོང་བ། བྱས་རྗེས་འཇོག་པ། མེས་རྒྱལ་ལ་དྲིན་ལན་འཇལ་བར་ལྕག་སྐུལ་བཅས་བྱ་རྒྱུའི་རེ་བ་ཡོད། བོད་ཀྱིས་འབྲེལ་ཡོད་ལམ་སྲོལ་དང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་རིགས་ཁག་གི་ཤེས་ལྡན་པ་བོད་དུ་འཕེལ་རྒྱས་གཏོང་བར་ཡོང་རྒྱུར་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་ཀྱི་ཡིན་ཞེས་གསུངས་པ་རེད།
ཀུའོ་ཤིན་ལི་དང་ལི་ཧྲུའུ་ཚའེ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཧྲན་ཏུང་སློབ་ཆེན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཡང་ཞུས་པ་རེད། ཁོང་གཉིས་པོས། རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་བོད་ཀྱི་དགོས་མཁོར་དམིགས་ཏེ་སློབ་གྲྭ་དང་ས་ཁུལ་གྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། མཐོ་རིམ་སློབ་གསོ་དང་། ཐོན་སློབ་མཉམ་འདྲེས། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཞབས་ཞུའི་འདེགས་སྐྱོར་ཧུར་ཐག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།