ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ལ་བརྟག་ཞིབ་གནང་བ།
ཟླ་11ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གི་ལས་གཉེར་ཚོམས་ཆེན་དུ་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
དེང་རབས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་དངུལ་རྩའི་ནུས་པ་གང་ལེགས་བཏོན་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཟླ་11ཚེས་28ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་རང་ལྗོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ལ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས། དངུལ་རྩའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། དེང་རབས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་རིང་དངུལ་རྩའི་ནུས་པ་གང་ལེགས་འདོན་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངུལ་རྩའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་སྔ་རྗེས་སུ་རྒྱལ་ཁབ་དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་བོད་ལྗོངས་ལྟ་འདོམས་ཅུས་དང་ཀྲུང་གོ་མི་དམངས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དུ་ཕེབས་ནས་དངུལ་ལོར་ཡིད་རྟོན་དངུལ་བུན་གྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། རིག་ནུས་ཅན་གྱི་ལྟ་འདོམས་མ་ལག དངུལ་རྩས་གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། གྲངས་གཞི་ཞིབ་འཇུག་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་དམིགས་སའི་རང་བཞིན་གྱི་སྒོ་ནས་ཀུན་ཕན་ཁྱབ་ཁོངས་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ“ཞིང་གསུམ”དང་ཕྲན་ཚེགས་ཁེ་ལས་ལ་དེ་བས་སྟབས་བདེ་དང་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་དགོས། ཁྲིམས་ལྟར་ལྟ་འདོམས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཉེན་ཁ་འགོག་སེལ་གྱི་ལས་འགན་ལ་དམ་འཛིན་ཡག་པོ་བྱེད་དགོས། འདུ་ཤེས་སྒྱུར་བ་དང་། བསམ་ཕྱོགས་གསར་གཏོད་བྱེད་པ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དངུལ་རྩའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ་བཅས་བྱས་ཏེ་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ནུས་ལྡན་གཏོང་དགོས་ཞེས་གསུངས་པ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་དོན་གྱི་སྙན་སེང་གསན་པ་དང་འབྲེལ། ལྗོངས་ཡོངས་ཀྱི་དངུལ་རྩའི་ཁོངས་གཏོགས་ཀྱིས་དངུལ་རྩ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཀྱིས་ཐོན་ཁུངས་བཀོད་སྒྲིག་ལ་ཁྲིད་སྟོན་དང་། དཔལ་འབྱོར་འཁོར་རྒྱུག་ལེགས་སྒྲིག དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་སོགས་ཀྱི་ཐད་ནུས་པ་བཏོན་པར་ཁས་ལེན་གང་ལེགས་གནང་བ་རེད།
ཝང་ཅུན་ཀྲེང་གིས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རིང་འགན་འཁྲི་གསར་པ་ཁུར་དགོས། དངུལ་རྩ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་བོད་ཀྱི་མ་རྩའི་ཁྲོམ་ར་གོ་རིམ་ལྡན་པའི་ངང་འཛུགས་དགོས། དངུལ་རྩའི་ལས་དོན་གྱི་ཁྱད་ཆོས་དང་ཆོས་ཉིད་ལ་སྟངས་འཛིན་གཏིང་ཟབ་བྱས་ནས་རིམ་པ་མང་བའི་མ་རྩའི་ཁྲོམ་ར་ཡག་པོ་སྤྱོད་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། སྲིད་གཞུང་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་མཚོན་པར་བྱེད་དགོས་ལ། སྲིད་གཞུང་གི་ནུས་པ་གལ་ཆེན་ཡང་བཏོན་ནས་སྲིད་གཞུང་དང་ཁྲོམ་རའི་ཐབས་ལམ་གཉིས་འབྲེལ་མཐུད་ཡག་པོ་ཐུབ་པར་བྱས་ཏེ། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མ་རྩའི་ཁྲོམ་རའི་ནུས་པ་དེ་བས་ལེགས་པར་འདོན་དགོས། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་ནས་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས། སྤྱི་ཡོངས་དང་ཕུགས་ལ་དམིགས་ཏེ་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་དམངས་གཉེར་དང་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། དངུལ་རྩས“ཞིང་གསུམ”ལ་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱེད་པ། དངུལ་རྩའི་ཐོན་ཁུངས་གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་བཀོད་སྒྲིག་བྱེད་པར་ཁྲིད་སྟོན་བྱེད་པ། མ་དངུལ་བསྡུ་སྒྲིལ་དཀའ་བ་དང་འགོར་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། དངུལ་རྩའི་མ་དངུལ་དངོས་ཚན་དཔལ་འབྱོར་ལ་གནད་འཁེལ་གཏོང་བ། དངུལ་རྩ་བརྟན་པོར་བརྟེན་ནས་ཁེ་ལས་བརྟན་པོ་ཡོང་བར་འགན་ལེན་བྱེད་པ། དངུལ་རྩའི་གསོན་ཤུགས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དངུལ་རྩར་ལྟ་འདོམས་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་བྱེད་པ་དང་། མཐའ་ཚད་ཀྱི་འདུ་ཤེས་དང་མཐར་ཟད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ། བྱ་ཐབས་སྣ་ཚོགས་སྤྱད་དེ་ལྟ་འདོམས་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དངུལ་རྩའི་ཉེན་སེལ་ལས་དོན་ཏན་ཏིག་དང་ལེགས་པར་སྒྲུབ་དགོས། དངུལ་རྩའི་ཁོར་ཡུག་རྩེ་གྲ་གཏོད་རྒྱུར་དམིགས་ནས་དངུལ་རྩའི་ཉེན་ཁར་ལྟ་ཞིབ་དང་། ཚོད་སྐོར། ཉེན་ཟོན་སྔོན་བརྡ། ཐེ་ཇུས། ཐག་གཅོད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ཚ་ནན་བཏང་ནས་ལྗོངས་ཡོངས་ཀྱི་དངུལ་རྩའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། ཏང་གི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དངུལ་རྩའི་ལས་དོན་གྱི“དུས་ཐོག་ཏུ་སྒྲུབ་དགོས་པའི་ལས་འགན”ཏན་ཏིག་ཁུར་ནས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་ནུས་ཆེ་རུ་དང་དངུལ་རྩའི་ཁྱབ་ཁོངས་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དངུལ་རྩའི་ཁྲིམས་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བ། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་སྐྲུན་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དངུལ་རྩ་སྒྱུར་བཅོས་དང་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་སྐྲུན་དགོས། ཆབ་སྲིད་ཐད་ཉམས་སད་ཐེག་པ་དང་། འཇོན་ཐང་ཐད་ཉམས་སད་ཐེག་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་པ་བཅས་ཀྱི་ཚད་གཞི་མཐའ་འཁྱོངས་ཀྱིས“སྐྱོང་འདྲེན་སྤྱོད་ཉར”གྱི་འདུ་འགོད་ཆེན་པོ་བཞིར་སྐུལ་འདེད་ཏན་ཏིག་བཏང་སྟེ། བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དངུལ་རྩའི་ཤེས་ལྡན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།